བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནི་ཕྱི་ལོ་ ༢༠༠༨ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་བྷེལ་ཇམ་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་བོད་མི་རེ་རེའི་ངོས་ནས་བོད་ཀྱི་རྩ་དོན་ཆེད་འགན་ཁུར་དགོས་པའི་བཀའ་སློབ་གནང་བ་དང་། དེ་བཞིན་ལོ་དེར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཆེད་༢༠༠༨ ཟླ་ ༡༡ ཚེས་ ༢༣ ཉིན་གསར་དུ་གཙུགས་པ་དང་། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༥ ཚེས་ ༡༣ ལ་བྷེལ་ཇམ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་མེད་རིག་གཞུང་ཞབས་ཞུ་ཚོགས་པ་ཞིག་ཡིན།
དམིགས་ཡུལ།
ཚོགས་པ་འདིའི་དམིགས་ཡུལ་ནི་བྷེལ་ཇམ་དུ་ཡོད་པའི་བོད་ཀྱི་མི་རབས་གསར་པ་དག་ལ་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གནས་ཀྱི་སློབ་གསོ་སྤྲོད་རྒྱུ་དང་། གནས་ཡུལ་ལུང་པའི་སྤྱི་ཚོགས་སུ་བོད་མིའི་བཟང་སྤྱོད་མི་ཉམ་པར་འཆམ་མཐུན་མཉམ་གནས་ཡོང་བ། ད་དུང་སྤྱི་ཚོགས་ལ་རང་གི་བཟང་སྤྱོད་རིག་གནས་ཀྱིས་ཞབས་འདེགས་ཞུ་རྒྱུ།
ཚོགས་པའི་གྲུབ་ཆ། བྷེལ་ཇམ་བོད་ཀྱི་ཆོད་རིག་འཛིན་སྐྱོང་ཁང་གི་གྲུབ་ཆ་ནི་འཇམ་དབྱངས་བློ་འཕེལ་སློབ་གྲྭར་གཏོང་བཞིན་པའི་སློབ་མ་རྣམས་དང་། དེ་འབྲེལ་ཕ་མ་དང་། སློབ་གྲྭར་དང་བླངས་ཕྱག་ལས་གནས་བཞིན་པའི་དགེ་རྒན་དང་ལས་བྱེད་དག་ཡིན་ལ། ད་ལྟ་སློབ་མ་༣༤༡དང་། རྒྱུན་ལས་༡༧ དང་དགེ་རྒན་༤༥ ཁྱིམ་ཚང་ ༢༡༩ ཡོད་པ་ལས་ས་གནས་སོ་སོར་ས་གནས་འགན་འཛིན་རེ་དང་། ས་གནས་སོའི་ཕ་མས་འདེབས་བསྐོ་བྱས་པའི་ཚོགས་གཙོ་བཅས་ཀྱིས་དང་བླངས་ལ་ཀ་བྱེད་བཞིན་ཡོད།
ཚོགས་པའི་ལས་དོན།
ཀ ༽ འཇམ་དབྱངས་བློ་འཕེལ་སློབ་གྲྭ འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དམིགས་ཡུལ་ལྟར་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམ་རྒྱུད་འཛིན་ཆེད། ༢༠༠༩ ཟླ་ ༠༢ པར་གསར་འཛུགས་བྱས་ཤིང་། ༢༠༡༣ ཟླ་ ༠༢ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་༼འཇམ་དབྱངས་བློ་འཕེལ།༽ཅེས་མཚན་བྱང་གསོལ་བསྩལ་དང་འབྲེལ། ཐུགས་སྨོན་རྗེས་འཛིན་གྱི་གསུངས་འཕྲིན་བཀའ་དྲིན་ཐོབ་པ་དང་། ལོ་དེའི་ཕྱི་ཟླ་༠༤ ཚེས་ ༠༦ ཉིན་བྷེལ་ཇམ་སྐུ་ཚབ་དོན་གཅོད་དབུ་བཞུགས་ཀྱིས། ས་གནས་ཀྱི་བོད་མིའི་འབྲེལ་ཡོད་ཚོགས་སྡེ་ཁག་དང་མི་མང་བསྡུ་སྐོང་གིས་སློབ་གྲྭའི་མིང་བྱང་སྒོ་འབྱེད་ཀྱི་མཛད་སྒོ་བྱས་ནས་ད་ལྟའི་བར་བྷེལ་ཇམ་དུ་བོད་མི་འདུས་སྡོད་མང་བའི་གྲོང་ཁྱེར་ཁག་དྲུག་དུ་གཟའ་མཇུག་སློབ་གྲྭ་ཁག་དྲུག་ཡོད་པ་དེ་ཡིན།
ས་གནས་ཁག་གི་སློབ་གྲྭ་ངོ་སྤྲོད།
- ཨན་ཐྲུ་ཝེར་པེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་ཚོགས་པའི་སློབ་གྲྭ་ཐོག་མ་ཡིན་པ་དང་། ༢༠༠༩ ལོའི་ཟླ་ ༢ པར་བྱིས་པ་༡༠ བསྡུས་ནས་དགེ་རྒན་དང་བླངས་གཅིག་གི་སློབ་ཁྲིད་བྱས་པས་འགོ་འཛུགས་བྱས། རིམ་བཞིན་ལོ་ལྟར་སློབ་མ་མང་རུ་ཕྱིན་པས་ད་ལྟར་སློབ་མ་༡༥༠ ་འཛིན་གྲྭ་ཁག་༩་ལ་བསྒོས་ནས་དགེ་རྒན་དང་ལས་བྱེད་མི་གྲངས་༡༨ གྱིས་དང་བླངས་ལས་ཀ་བྱེད་བཞིན་ཡོད།
- བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་༢༠༠༩ལོའི་ཟླ་ ༣ པར་རྩམ་པ་ཟ་ཁང་དུ་སློབ་མ་༢ བསྡུས་ནས་དགེ་རྒན་གཅིག་གིས་དང་བླངས་སློབ་ཁྲིད་བྱས་པས་འགོ་བཙུགས་པ་དང་། རིམ་བཞིན་ལོ་ལྟར་སློབ་མ་མང་རུ་ཕྱིན་པས་ད་ལྟ་སློབ་མ་༡༤༦ འཛིན་གྲྭ་ཁག་༩ བསྒོས་ནས་དགེ་རྒན་དང་ལས་བྱེད་མི་གྲངས་༡༠ ཡིས་དང་བླངས་ལས་ཀ་བྱེད་བཞིན་ཡོད།
- ཨོ་སུ་ཏན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་༢༠༠༩ལོའི་ཟླ་ ༣ པར་མི་ཚང་ཞིག་གི་ནང་ལ་སློབ་མ་སློབ་མ་༤ བསྡུས་ནས་དགེ་རྒན་གཅིག་གིས་དང་བླངས་སློབ་ཁྲིད་བྱས་པས་འགོ་བཙུགས་པ་དང་། རིམ་བཞིན་ལོ་ལྟར་སློབ་མ་མང་རུ་ཕྱིན་པས་ད་ལྟ་སློབ་མ་ ༧༣ འཛིན་གྲྭ་ཁག་༧ བསྒོས་ནས་དགེ་རྒན་དང་ལས་བྱེད་མི་གྲངས་༡༡ གིས་དང་བླངས་ལས་ཀ་བྱེད་བཞིན་ཡོད།
- ལུའུ་ཝེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་༢༠༡༢ ལོའི་ཟླ་ ༤ པར་སློབ་མ་༨བསྡུས་ནས་དགེ་རྒན་གཅིག་གིས་དང་བླངས་སློབ་ཁྲིད་བྱས་པས་འགོ་བཙུགས་པ་དང་། རིམ་བཞིན་ལོ་ལྟར་སློབ་མ་མང་རུ་ཕྱིན་པས་ད་ལྟ་སློབ་མ་༢༨ འཛིན་གྲྭ་བཞི་ལ་བསྒོས་ནས་དགེ་རྒན་དང་ལས་བྱེད་མི་གྲངས་༧ གྱིས་དང་བླངས་ལས་ཀ་བྱེད་བཞིན་ཡོད།
- སྦུ་རོའུ་རྗེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་༢༠༡༦ ལོའི་ཟླ་ ༠༡ ཚེས་ ༠༣ ཉིན་སློབ་མ་སློབ་མ་ ༤༠ བསྡུས་ནས་དགེ་རྒན་གསུམ་གྱིས་དང་བླངས་སློབ་ཁྲིད་བྱས་པས་འགོ་བཙུགས་པ་དང་། རིམ་བཞིན་ལོ་ལྟར་སློབ་མ་མང་རུ་ཕྱིན་པས་ད་ལྟ་སློབ་མ་ ༢༡ འཛིན་གྲྭ་༤ལ་བསྒོས་ནས་དགེ་རྒན་དང་ལས་བྱེད་མི་གྲངས་༥ གྱིས་དང་བླངས་ལས་ཀ་བྱེད་བཞིན་ཡོད།
- གྷེན་ཐྲུ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་༢༠༡༦ ལོའི་ཟླ་ ༠༥ ཚེས་ ༠༨ ཉིན་སློབ་མ་སློབ་མ་ ༨ བསྡུས་ནས་དགེ་རྒན་གཉིས་ཀྱིས་དང་བླངས་སློབ་ཁྲིད་བྱས་པས་འགོ་བཙུགས་པ་དང་། རིམ་བཞིན་ལོ་ལྟར་སློབ་མ་མང་རུ་ཕྱིན་པས་ད་ལྟ་སློབ་མ་༢༦ འཛིན་གྲྭ་༣ ལ་བསྒོས་ནས་དགེ་རྒན་དང་ལས་བྱེད་མི་གྲངས་ ༥ ཡིས་དང་བླངས་ལས་ཀ་བྱེད་བཞིན་ཡོད།
ཁ༽ དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་བོད་ཀྱི་ཆོས་དང་རིག་གནས་གོམ་སྲོལ་སོགས་མི་ཉམ་རྒྱུད་འཛིན་ཡོང་བ་དང་། ཁ་འཐོར་དུ་ཡོད་པའི་བོད་ཀྱི་ན་ཆུང་བྱིས་པ་དག་ཕན་ཚུན་ངོ་ཤེས་འཆམ་མཐུན་ཡོང་བ་དང་། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་སྣེ་ཁྲིད་འགན་ཁུར་གྱི་བསམ་བློ་སྐྲུན་རྒྱུ་སོགས་ལ་དམིགས་ནས་ ༢༠༡༠ ལོ་ནས་འགོ་འཛུགས་བྱས་སྟེ། ལོ་ལྟར་དབྱར་ཁའི་གུང་སེང་སྐབས་གཟའ་འཁོར་གཅིག་གི་རིང་ལ་གྲོང་ཁྱེར་ཕྱི་རོལ་དུ་བོད་མིའི་ཁྱད་ཆོས་མངོན་པའི་དམིགས་བསལ་སྡོད་སྒར་གོ་སྒྲིག་གིས་བོད་ཀྱི་ཆོས་དང་ལོ་རྒྱུས་ཀྱི་རྒྱུན་ཤིས། བོད་མིའི་ཡུལ་སྲོལ་བཟང་པོ་སོགས་ཀྱི་ཟབ་སྦྱོང་སྤྲོད་པའི་བྱེད་སྒོ་ཞིག་ཡིན། དབྱར་གསེང་འདིར་གཙོ་བོ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྒན་པ་བརྒྱ་ཕྲག་གཅིག་ལྷག་བསྡུ་བཞིན་ཡོད་པ་དང་། རྒྱལ་ཁབ་གཞན་ནས་རེ་སྐུལ་བྱུང་བའི་བོད་ཀྱི་ན་ཆུང་བྱིས་པ་ལ་དམིགས་བསལ་གོ་སྐབས་སྤྲོད་བཞིན་ཡོད།
དུས་དྲན་དང་མཛད་སྒོ།
ལོ་ལྟར་ཚོགས་པ་དབུ་བརྙེས་པའི་ཉིན་མོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུང་སྐར་སྲུང་བརྩིའི་མཛད་སྒོ་དང་། དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོར་བྷེལ་ཇམ་བོད་ཀྱི་ན་ཆུང་བྱིས་པའི་རིག་རྩལ་དགོངས་ཚོགས་བཅས་འཚོགས་བཞིན་ཡོད་པ་ནི། བྷེལ་ཇམ་དུ་ཁ་འཐོར་དུ་ཡོད་པའི་བོད་མི་རྣམས་ལ་སྤྱི་ཚོགས་གཅིག་གི་འདུ་ཤེས་སྐྲུན་ཐབས་དང་། ལྷག་པར་དུ་མཛད་སྒོ་དེ་གཉིས་ཀྱི་རིག་རྩལ་ལས་རིམ་ཡོངས་རྫོགས་སློབ་མ་རྣམས་ཀྱིས་གཙོ་སྐྱོང་དང་འཁྲབ་སྟོན་བྱེད་ཀྱི་ཡོད་པས། ན་ཆུང་བྱིས་པ་ཚོར་བོད་ཀྱི་རིག་གནས་འཁྲབ་སྟོན་གྱི་གར་སྟེགས་སྐྲུན་ཐབས་ལ་དམིགས་པ་ཡིན། གཞན་ཡང་ས་གནས་སོ་སོ་ནས་ལོ་རེར་ལོ་སར་སྲུང་བརྩི་ལྟ་བུའི་རིག་གནས་བྱེད་སྒོ་རེ་སྤེལ་ནས་ན་ཆུང་བྱིས་པ་ཚོར་བོད་ཀྱི་ཡུལ་སྲོལ་གོམ་གཤིས་དང་རིག་གནས་རྒྱུད་འཛིན་གྱི་འདུ་ཤེས་སྤེལ་ཐབས་ཀྱང་བྱེད་ཀྱི་ཡོད།
ཚོགས་པའི་དཔལ་འབྱོར།
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ལ་དམིགས་བསལ་སྦྱིན་བདག་དང་། ཚོང་ལས་སོགས་ཀྱི་རིགས་གང་ཡང་མེད་པར། མཛད་སྒོ་ཁག་གི་སྒོ་འཛིན་དང་སློབ་ཡོན་ཅུང་ཙམ་རེ་བསྡུས་པ་དེ་གཙོ་བོ་ཡིན་པ་དང་། དེ་མིན་ཞལ་འདེབས་ཕྲན་བུ་དེ་བྱུང་བ་དང་ཡུལ་མིའི་དུས་ཆེན་རེ་ཟུང་ལ་བོད་ཀྱི་ཁ་ལག་བཙོང་བ་ཙམ་ཡིན།
མ་འོངས་པའི་འཆར་འགོད།
སྤྱིར་ལོ་ལྟར་རྒྱུན་ལས་ལྷན་ཚོགས་དང་འགན་འཛིན་ལྷན་ཚོགས། དགེ་རྒན་ལྷན་ཚོགས་བཅས་བསྡུས་ཏེ། ལོ་རེའི་ལས་དོན་འཆར་འགོད་དང་། ཡར་རྒྱས་གཏོང་ཕྱོགས་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་ལྟར། ༢༠༢༠ ལོའི་རྒྱུན་ལས་ལྷན་ཚོགས་ཐོག་༢༠༢༡ ལོར་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་པའི་སློབ་མ་རྣམས་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པ་དང་། བོད་མིའི་རྩ་དོན་རྩོད་ལེན་དང་འབྲེལ་བའི་ཚོགས་པ་སྡེ་ཚན་ཁག་དང་། ཆོས་དང་རིག་གནས་ཀྱི་བསྟི་གནས་ཁག་དུ་བོད་ཀྱི་རྩ་དོན་ཆེད་ལས་ཀ་གང་བྱེད་ཀྱི་ཡོད་དང་། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་ཇི་ལྟར་བྱེད་ཀྱི་ཡོད། བོད་རྒྱལ་ཁབ་ཀྱི་སྲིད་གཞུང་གང་དུ་ཡོད་པའི་ངོ་སྤྲོད་ཟབ་སྦྱོང་ཞིག་ཟླ་གཅིག་གི་རིང་ལ་སྤྲོད་རྒྱུའི་འཆར་གཞི་ཡོད་པ་བཅས།
ཕྱི་ལོ་ ༢༠༢༤-༢༠༢༥ ལོའི་ཆོས་རིག་འཛིན་སྐྱོང་ཁང་གི་བྱེད་སྒོའི་ཁག་གི་རེའུ་མིག