ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མི་རིགས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་གཉིས་ལ་གཞིགས་ན། དེའི་སྐད་ཡིག་དང་རིག་གཞུང་རྣམས་ཕན་ཚུན་ཤན་ཞུགས་པ་ནི་སྨྲོས་མ་དགོས་པ་རེད།
འབར་མའི་ཡི་གེ་ག་དུས་བྱུང་མིན་དང་དེའི་བྱུང་ཁུངས་སོགས་ཀྱི་ཐད་མཁས་པ་རྣམས་ལ་འདོད་ཚུལ་མི་འདྲ་བ་ཡོད་པར་ངེས། དཔེར་ན་འབར་མའི་རིག་གཞུང་དང་ལོ་རྒྱུས་ལ་ཉམས་ཞིབ་ཡུན་རིང་གནང་བའི་མཁས་པ་འགས་འདི་འདྲ་གསུངས་ཡོད། “འབར་མའི་གཞུང་འབྲེལ་གྱི་མ་སྐད་དངས་མ་ནི་བོད་ཀྱི་སྐད་ཡིག་དང་རྒྱ་ནག་གི་སྐད་དང་འབྲེལ་ཡོད་” (Ethnologue; Languages of the World by Raymond G. Gordon ཞེས་པ་ལས་གསལ།) ཅེས་དང་། ཡང་མཁས་པ་གཞན་དག་འགས། “འབར་མའི་ཡིག་གཟུགས་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡི་གེ་ལས་འཕེལ་རྒྱས་བྱུང་བ་ཡིན། ” ཞེས་དང་། ཡང་གཞན་འགའ་ཞིག་གིས་ “འབར་མའི་ཡིག་གཟུགས་ནི་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་པཱ་ལིའི་ཡི་གེ་བེད་སྤྱད་མྱོང་བ་ལས་རིམ་པར་བྱུང་བ་” སོགས་འདོད་ཚུལ་མི་འདྲ་བ་འགའ་ཞིག་འདུག
གང་ལྟར་འབར་མའི་ཡིག་གེ་ལ་ཀ་རྨད་ ༣༣ ཡོད་ལ། སྡེ་ཚན་བདུན་གྱི་དང་པོ་ཀ་སྡེའི་ཁོངས་སུ་ཡི་གེ་ལྔ། གཉིས་པ་ས་སྡེའི་ཁོངས་སུ་ཡི་གེ་ལྔ། གསུམ་པ་ཏ་སྡེའི་ཁོངས་སུ་ཡི་གེ་ལྔ། བཞི་པ་ཏ་སྡེ་གཉིས་པའི་ཁོངས་སུ་ཡི་གེ་ལྔ། ལྔ་པ་པ་སྡེའི་ཁོངས་སུ་ཡི་གེ་ལྔ། དྲུག་པ་ཇ་སྡེའི་ཁོངས་སུ་ཡི་གེ་བཞི། བདུན་པ་ཐ་སྡེའི་ཁོངས་སུ་ཡི་གེ་བཞི་དང་བཅས་རེད། དེ་དག་གི་སྒྲ་གདངས་ནི་ཕལ་ཆེར་བོད་ཀྱི་ཀ་རྨད་ཀྱི་སྒྲ་གདངས་དང་གཅིག་མཚུངས་རེད་ལ། ཡིག་གཟུགས་ཀྱི་འགྲོས་ཀྱང་བོད་ཡིག་དབུ་མེད་ལས་འཁྱུག་བྲིས་དང་ཤིན་ཏུ་ཐག་ཉེ། དབྱངས་ཟེར་བ་ཞིག་ལོགས་སུ་གྲངས་འདྲེན་ཚུལ་མེད་ཀྱང་ཡི་གེའི་སྦྱོར་བ་སྐབས་སུ་གྲངས་ལས་འདས་པ་ཞིག་ཡོད་ལ། དེ་དག་གི་སྦྱོར་ཚུལ་ཡང་བོད་ཡིག་གི་མགོ་ཅན་སྨད་འདོགས་རྩིགས་བསྒྲགས་ཀྱི་འགྲོས་ལྟར་རྒྱས་པར་འཆད་ཀྱིན་འདུག
ཨང་གྲངས་ཀྱི་ཐད་ལ་འབར་མའི་ཨང་གྲངས་གསུམ་པ་དང་བཞི་པ། བདུན་པ་ཕུད་པའི་དེ་མིན་ཨང་གྲངས་རྣམས་ཀྱི་སྒྲ་གདངས་དང་དབྱིབས་གཟུགས་རྣམས་ནི་བོད་སྐད་ཀྱི་ཨང་གྲངས་དང་ཤིན་ཏུ་ཐག་ཉེ་བར་མ་ཟད་གཅིག་པའི་ཚུལ་དུའང་མང་ཞིག་སྣང་།
དེ་དང་དེ་འདྲའི་རྒྱུ་མཚན་མང་པོ་ཞིག་གིས་འབར་བོད་བར་གྱི་སྐད་ཡིག་ལ་ཉམས་ཞིབ་བྱ་དགོས་པའི་གནད་མང་པོ་ཞིག་མཐོང་གི་འདུག དཔེར་ན་གོང་གི་མཁས་པ་དེ་ཚོས་འབར་མའི་ཡི་གེ་དེ་བོད་སྐད་ལས་བརྡ་དྲངས་ཏེ་བྱུང་བར་འདོད་པར་གཞི་བཅོལ་ཚེ་དཔྱད་པར་བྱ་བ་འདི་ཡོད་དེ། བོད་ནས་ཆད་པའི་པྱུ་(Pyu)ཞེས་པའི་མི་རིགས་དེ་ཚོས་ཕྱི་ལོའི་གོང་གི་དུས་རབས་དང་པོའི་ཡས་མས་ནས་ཕྱི་ལོའི་དུས་རབས་དགུ་པ་བར་ཨེ་རཱ་ཝ་ཌིའི་དབུས་(སྐབས་དེར་འབར་མའི་རྒྱལ་ཁབ་ལ་ཟེར་)ཁུལ་གྱི་རྒྱལ་རབས་བསྐྱོངས་ཡོད་ལ། ལོ་ངོ་བརྒྱ་ཕྲག་དེ་དག་གི་རིང་ཡི་གེ་མེད་པར་རྒྱལ་སྲིད་སྐྱོང་ཐུབ་པའི་གོ་སྐབས་མེད་པར་སེམས།
རྒྱུ་མཚན་ནི། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་འཛམ་གླིང་འདིར་སྙན་གྲགས་ཅན་གྱི་རོམ་མེན་དང་ཨེ་ལྗེབ། གྷི་རིའི་སི་སོགས་ཀྱི་གནའ་བོའི་ལོ་རྒྱུས་ནང་དུའང་ཆེའི་སྔ་མོའི་རྒྱལ་པོ་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་སྐྱོང་ཞིང་ཕན་ཚུན་བརྡ་སྤྲོད་དགོས་ཚེ་ཡིག་རིགས་དང་གཟུགས་བརྙན་སོགས་ཤིང་ཤུན་དང་པགས་རིགས་སོགས་ལ་བྲིས་ནས་གཏོང་གི་ཡོད་པའི་ལོ་རྒྱུས་གསལ་ཐིང་རེད། སྐབས་དེ་དུས་ཀྱི་ནུབ་ཕྱོགས་པའི་རྒྱལ་པོ་དེ་དག་ལ་བེད་སྤྱོད་རྒྱུའི་ཡིག་རིགས་འདྲ་མིན་ཡོད་ཆོག་པ་ཞིག་དང་། ཤར་ཕྱོགས་པའི་རྒྱལ་པོ་དེ་དག་གླེན་པ་ལུག་འདྲ་བ་རྐྱང་རྐྱང་ཇི་ལྟར་ཡིན།
དེ་ལྟར་གོང་གི་པྱུ་(Pyu)ཞེས་པའི་བོད་མིའི་རིགས་ཀྱིས་འབར་མའི་རྒྱལ་ཁབ་སྐྱོང་སྐབས་ནས་ཡི་གེ་ཡོད་པར་ངེས་ལ། ཡི་གེ་དེའང་ད་ལྟའི་ང་ཚོས་བེད་སྤྱོད་བཞིན་པའི་བོད་ཡིག་འདི་རང་ཡིན་པར་སྙམ། གལ་སྲིད་དུས་རབས་བདུན་པའི་ནང་དུ་བོད་ཡིག་དང་དུས་རབས་བརྒྱད་པའི་ནང་དུ་འབར་ཡིག་གཉིས་རྒྱ་གར་གྱི་ཡི་གེ་ལས་དཔེ་བླངས་ཏེ་བཟོས་ཡོད་ཚེ། ད་ལྟའི་འབར་བོད་བར་གྱི་སྐད་ཡིག་གཉིས་ཀ་ཆེས་འདྲ་བ་དང་ཐ་ན་ཨང་ཀི་ཚུན་ཀྱང་ཕལ་ཆེར་གཅིག་མཚུངས་ཡིན་པའི་རྒྱུ་མཚན་གང་ག་ཐུག དངོས་གནས་བྱས་ན་བུ་ལ་ཕ་ཡི་གདོང་རིས་དང་སྐད་ངོ་ཡོད་དགོས་མོད། འབར་བོད་གཉིས་ཀྱི་ཡི་གེ་ལ་གཉིས་ཀས་དཔེ་ལེན་སའི་རྒྱ་གར་སྐད་རིགས་ཀྱིས་ལྷད་ཞུགས་པ་ཕལ་ཆེར་མཐོང་རྒྱུ་མེད་པའི་རྒྱུ་མཚན་ཀྱང་ཡོད་དགོས།
ཐོན་མི་ཨ་ནུས་བོད་ཡིག་བཟོས་པའི་སྒྲུང་གཏམ་འགའ་ཞིག་ཡོད་ཀྱང་བོད་ཀྱི་ཨང་ཀི་བཟོས་པའི་ལོ་རྒྱུས་ད་བར་མ་མཇལ། འོན་ཀྱང་འབར་བོད་གཉིས་ཀྱི་ཨང་ཀི་ནི་ཕལ་ཆེར་གཅིག་མཚུངས་རེད་འདུག་གོ།
འདི་ལྟར་བོད་ཡུལ་ཙམ་དུ་མ་ཚད་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཤོས་གཉིས་པ་སྟེ་འབར་མའི་རྒྱལ་ཁབ་ནང་དུའང་ཕྱི་ལོའི་གོང་གི་དུས་རབས་ནས་དབུ་བརྩམས་ཏེ་བོད་ཡིག་དང་བོད་སྐད་བེད་སྤྱོད་མཁན་ཡོད་ཚེ། ང་ཚོའི་མེས་པོ་ཚོས་བཞག་གནང་བའི་ཕ་ནོར་སྐད་དང་ཡི་གེའི་ལོ་རྒྱུས་འདི་ཇི་ཙམ་གཏིང་ཟབ་པ་དང་ཕུགས་བཙན་པ། ང་ཚོས་རྒྱལ་ཁབ་གཞན་ལས་དཔེ་བཤུ་བྱ་མི་དགོས་པར་རྒྱལ་ཁབ་གཞན་གྱིས་ང་ཚོའི་སྐད་དང་ཡི་གེ་བེད་སྤྱད་ཡོད་པའི་ལོ་རྒྱུས་སོགས་མཇལ་རྒྱུ་ཡོད་བཟོ་འདུག་གོ། །།
རྩོམ་ཐུང་འདི་ཉིད་འབར་མའི་གཙུག་ལག་སློབ་གྲྭའི་མཁས་དབང་སྐུ་ཞབས་ཐེཨེན་ཛོ་ལགས་དང་བཀའ་མོལ་བྱུང་རྗེས་གཤེན་ཚེ་ཚང་གིས་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་བྲིས།། །།