ཕྱི་ཟླ་༧ པའི་ཚེས་༡༧ དང་ཚེས་༢༤ སྟེ་གཟའ་ཉི་མ་གཉིས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་གཞི་རིམ་འོག་མ་དང་བར་མ། སྔོན་འགྲོ་བཅས་ཀྱི་དགེ་རྒན་ཚོར་དྲ་ཐོག་བརྒྱུད་སློབ་ཁྲིད་ཐབས་ལམ་གྱི་ཟབ་སྦྱོང་ཞིག་སྤྲད་ཡོད་པ་དང་། གཞི་རིམ་འོག་མའི་དགེ་རྒན་ཚོར་སམ་བྷོ་ཊའི་ཡིག་རྒྱུས་སློབ་སྟོན་རྒན་པ་སངས་ཚེ་རིང་ལགས་ནས་ཟབ་སྦྱོང་སྤྲད་པ་དང་། གཞི་རིམ་བར་མའི་དགེ་རྒན་ཚོར་རྡ་ས་བོད་ཕྲུག་ཁྱིམ་སྡེའི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས་ནས་ཟབ་སྦྱོང་སྤྲད་པ། སྔོན་འགྲོའི་དགེ་རྒན་ཚོ་ལ་དཔེ་སྟོན་སློབ་གྲྭའི་དགེ་རྒན་གཉིས་ཀྱིས་ཟབ་སྦྱོང་སྤྲད་ཡོད་འདུག་ལ། ཟབ་སྦྱོང་འདིར་བྷེལ་ཇམ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ས་གནས་ཁག་དྲུག་གི་དགེ་རྒན་མཉམ་ཞུགས་གནང་ཡོད་འདུག
གཞན་ཡང་ཕྱི་ཟླ་༨་པའི་ཚེས་༢༨ ཉིན་རྡ་རམ་སཱ་ལའི་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་དང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་མཉམ་འབྲེལ་གྱིས་བྷེལ་ཇམ་ཡུལ་དུ་གནས་བཞུགས་བོད་རིགས་ཕ་མ་ཚོར་ལོ་ཆུང་བྱིས་པ་གསོ་སྐྱོང་དང་སློབ་གསོའི་སྐོར་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་བ་ལྟར། བྷེལ་ཇམ་ས་གནས་ཁག་དྲུག་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་ཚོའི་ཕ་མ་ཁག་ཅིག་ཟབ་སྦྱོང་འདིར་མཉམ་ཞུགས་གནང་ཡོད་འདུག རྩ་བའི་ཟབ་སྦྱོང་འདི་གཉིས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ངོས་ནས་རང་གཞུང་ཤེས་རིག་ལས་ཁུངས་དང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གཉིས་ལ་རེ་བསྐུལ་སྙན་གསེང་ཞུས་བ་ལྟར་གོ་སྒྲིག་དོན་སྨིན་བྱུང་བ་ཡིན་འདུག






