2023 འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་ཕྱེད་ཡིག་རྒྱུགས།

ཕྱི་ལོ་༢༩༢༣ ཟླ་༡ ཚེས་༡༤ དང་༡༥ ཉིན་གཉིས་ཀྱི་རིང་ལ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་ཕྱེད་ཡིག་རྒྱུགས་སྤྲད་ཡོད་པ་རེད། བྷེལ་ཇམ་ནང་བོད་མི་འདུས་སྡོད་མང་སའི་གྲོང་ཁྱེར་ཆེ་ཁག་དྲུག་གི་ནང་ལ་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ལ་ས་གནས་སློབ་གྲྭ་ཁག་དྲུག་ཡོད་པ་དང་། ས་གནས་སོ་སོར་སློབ་མའི་མང་ཉུང་ལ་དཔག་པའི་འཛིན་གྲྭ་རིམ་པ་ལྟར་གོ་སྒྲིག་བྱས་ཡོད་པ་རེད། ད་ལོ་ལྟ་བུར་མཚོན་ན། ས་གནས་ཁག་དྲུག་གི་སྔོན་འགྲོ་ནས་འཛིན་གྲྭ་བདུན་པའི་བར་གྱི་འཛིན་གྲྭ་ཚང་མ་བསྡོམས་ན། འཛིན་གྲྭ་ ༤༤ དང་། སློབ་མ་༤༤༦ ཡོད། དེ་དག་ལ་སློབ་ཁྲིད་བྱེད་མཁན་དགེ་རྒན་༥༧ དང་སློབ་གྲྭ་འཛིན་སྐྱོང་བྱེད་མཁན་ལས་བྱེད་༢༠ ཡོད།
ལོ་ལྟར་ལོ་ཕྱེད་ཡིག་རྒྱུགས་གཅིག་དང་ལོ་མཇུག་ཡིག་རྒྱུགས་གཅིག་བཅས། ཡིག་རྒྱུགས་ཐེངས་གཉིས་རེ་གཏོང་གི་ཡོད་པ་ལྟར། ད་ཐེངས་ལོ་ཕྱེད་ཡིག་རྒྱུགས་བཏང་ཡོད་པ་རེད། ཡིག་རྒྱུགས་སྐབས་ས་གནས་སོ་སོར་རྒྱུན་ལས་ནས་རྒྱུགས་སྤྲོད་དཔང་མི་གཉིས་རེ་ཕྱིན་ནས་རྒྱུགས་སྤྲོད་ལ་ལྟ་རྟོགས་བྱེད་ཀྱི་ཡོད། རྒྱུགས་སྤྲོད་གྲུབ་པ་དང་ས་གནས་ཀྱི་དགེ་རྒན་རྣམ་པ་དང་ས་གནས་འགན་འཛིན་དང་ས་གནས་ཕ་མའི་ཚོགས་གཙོ། རྒྱུགས་སྤྲོད་དཔང་མི་བཅས་མཉམ་འཛོམས་ཀྱིས་རྒྱུགས་སྐར་སྤྲད་ཀྱི་ཡོད་པ་རེད།
རྒྱུགས་སྤྲོད་ལ་བརྟེན་ནས་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་ཆུ་ཚད་ལ་རྒྱུས་ལོན་བྱེད་ཐུབ་པར་བརྟེན། དགེ་རྒན་དང་ཕ་མ། སློབ་མ། ལས་བྱེད་ཚང་མས་དེ་ལ་དོ་སྣང་ཆེན་པོ་སྤྲད་ཀྱི་ཡོད།
བྷེལ་ཇམ་རྒྱལ་ཁབ་ཀྱི་ལམ་སྲོལ་ལྟར་ལོ་རེའི་ཕྱི་ཟླ་ ༠༩ པ་ནས་སློབ་གྲྭ་འགོ་བཙུགས་ནས་ཕྱིར་ལོའི་ཕྱི་ཟླ་ ༠༦ པའི་ཟླ་མཇུག་བར་སློབ་གྲྭ་འཚོགས་ཀྱི་ཡོད་པ་རེད། དེར་བརྟེན་༢༠༢༢ ཟླ་ ༠༩ པར་སློབ་གྲྭ་འགོ་བཙུགས་ནས་ད་བར་སློབ་དུས་གཅིག་གི་དུས་ཡིན་ཕྱེད་ཀ་ཕྱིན་ཡོད་པར་བརྟེན། ད་ཐེངས་ཀྱི་ཡིག་རྒྱུགས་ལ་ལོ་ཕྱེད་ཡིག་རྒྱུགས་ཅེས་འབོད་ཀྱི་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།