2023 བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་རྒྱུན་ལས་ལྷན་ཚོགས།

ཕྱི་ལོ་ ༢༠༢༣ ཟླ་༠༡ ཚེས་ ༢༡ ཉིན་ཨན་ཐྲུ་ཝེར་པེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ལ་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་༢༠༢༣ ལོའི་རྒྱུན་ལས་ལྷན་ཚོགས་འཚོགས་པ་རེད།
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ལོ་ལྟར་ཕྱི་ཟླ་དང་པོའི་ནང་རྒྱུན་ལས་ལྷན་ཚོགས་རེ་འཚོགས་ནས། ས་གནས་ཁག་གི་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་དང་། ཚོགས་པའི་ལོ་རེའི་ལས་འཆར་གསར་བ་གང་ཡོད་ལ་སྔོན་རྩིས་གཏན་འབེབ། ཚོགས་པའི་ལས་དོན་དང་འབྲེལ་བའི་འཆར་ཅན་བྱེད་སྒོ་ཁག་ཡར་རྒྱས་གཏོང་ཕྱོགས་སོགས་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་ཀྱི་ཡོད་རེད།
སྤྱིར་བཏང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ལོ་ལྟར་ཕྱི་ཟླ་དང་པོའི་ནང་རྒྱུན་ལ་ལྷན་ཚོགས་རེ་དང་། ཕྱི་ཟླ་དྲུག་པའི་ནང་འགན་འཛིན་ལྷན་ཚོགས་རེ། དེ་བཞིན་དགེ་རྒན་ལྷན་ཚོགས་རེ་བཅས་འཚོགས་སྲོལ་ཡོད་པས་མ་ཚད། ས་གནས་སོ་སོར་ཕ་མའི་ཚོགས་འདུ་རེ་ཡང་འཚོགས་སྲོལ་ཡོད་པ་རེད།
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ལ་བྷེལ་ཇམ་ནང་བོད་མི་འདུས་སྡོད་མང་སའི་གྲོང་ཁྱེར་ཆེ་ཁག་དྲུག་གི་ནང་ལ་སློབ་གྲྭ་དྲུག་ཡོད་པ་རེད། སློབ་གྲྭ་དེ་དག་ལ་ལྟ་རྟོགས་བྱེད་མཁན་ས་གནས་འགན་འཛིན་རེ་དང་། ཚོགས་པ་སྤྱི་ལ་ལྟ་རྟོགས་བྱེད་མཁན་གྱི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་གཞོན་པ། ཤེས་ཡོན་འགན་འཛིན་དང་དཔལ་འབྱོར་འགན་འཛིན། དྲུང་ཆེ་དང་རྩིས་པ། དངུལ་གཉེར་སོགས་རྒྱུན་ལས་མི་༡༧ ཡོད།
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནི་༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཆེད་བཚུགས་པའི་ཁྲིམས་མཐུན་གྱི་ཁེ་མེད་རིག་ཞུང་ཞབས་ཞུ་ཁང་ཞིག་ཡིན་པ་དང་། འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་ཚོགས་པ་དེས་བཙུགས་པའི་གཟའ་མཇུག་སློབ་གྲྭ་ཞིག་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།