ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༣ དང་ ༡༤ ཉིན་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་ཕྱེད་རྒྱུགས་སྤྲོད་བཏང་ཡོད་པ་རེད། ས་གནས་ཁག་དྲུག་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭར། སློབ་མ་ཁྱོན་བསྡོམས་ན་༤༥༠ ཡོད་པ་དང་། སློབ་གྲྭ་ཁག་དྲུག་ལ་ལོ་ལྟར་ལོ་ཕྱེད་དང་ལོ་མཇུག་གཉིས་ལ་ཡིག་རྒྱུགས་ཆེན་པོ་རེ་གཏོང་གི་ཡོད། དགེ་རྒན་དང་ཕ་མ། སློབ་མ་ཚོས་རྒྱུགས་སྤྲོད་ལ་ཧ་ཅང་གལ་ཆེན་པོ་འཛིན་པས། ཧ་ལམ་བྷེལ་ཇམ་རྒྱལ་ཁབ་ཀྱི་སློབ་གྲྭའི་རྒྱུགས་སྤྲོད་དང་ལྟ་སྟངས་གཅིག་པ་ནང་བཞིན་བྱས་ནས་དོ་སྣང་སྤྲོད་ཀྱི་ཡོད་པ་རེད། རྒྱུགས་སྤྲོད་སྐབས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་རྒྱུན་ལས་ཚོ་ས་གནས་སོ་སོར་རྒྱུགས་དཔང་ལ་འགྲོ་བ་དང་། རྒྱུགས་ཤོག་དག་བཅོས་དང་རྒྱུགས་སྐར་སྤྲོད་ཕྱོགས་སོགས་ལ་ཡང་སྒྲིག་འཛུགས་ལྡན་པ་བྱས་ཡོད་པ་རེད།
ལོ་ཕྱེད་དང་ལོ་མཇུག་གི་རྒྱུགས་སྤྲོད་ཁག་གཉིས་བསྡོམས་པའི་རྒྱུགས་སྐར་མཐོ་ཤོས་རིམ་པར་སློབ་གྲྭ་སྤྱི་ཡོངས་དང་། ས་གནས་སོ་སོའི་ཨང་རིམ་གཟེངས་བསྟོད་ཀྱང་འབུལ་སྲོལ་ཡོད་པས། རྒྱུགས་སྤྲོད་ལམ་ལུགས་དེས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་གལ་ཆེན་དུ་བརྩི་བར་ཕན་ཐོག་ཀྱང་ཆེན་པོ་ཡོང་གི་ཡོད་པ་རེད།






