ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༢༠ བྷེལ་ཇམ་སྐུ་ཚབ་དོན་གཅོད་སྐུ་ངོ་རིག་འཛིན་ཆོས་སྒྲོན་ལགས། བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭར་གཟིགས་སྐོར་ལ་ཕེབས་ཡོད་པ་རེད། གཟིགས་སྐོར་སྐབས་སྐུ་ངོ་ལགས་འཛིན་ཁང་རེ་རེར་ཕེབས་ཏེ། སློབ་ཁྲིད་བྱེད་ཕྱོགས་དང་སློབ་མའི་གནས་བབ་སོགས་ལ་རྟོགས་ཞིབ་གནང་བ་དང་། སློབ་མ་རྒན་པ་རྣམས་ལ་ས་གནས་དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་དང་དམིགས་ཡུལ་སོགས་ངོ་སྤྲོད་གནང་ཡོད་པ་རེད། འཛིན་གྲྭར་གཟིགས་སྐོར་གྲུབ་པ་དང་། འབྲེལ་ཡོད་ས་གནས་འགན་འཛིན་དང་དགེ་རྒན། ཕ་མའི་ཚོགས་གཙོ་བཅས་མཉམ་འཛོམས་ཀྱིས། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། དོན་གཅོད་ཀྱི་ངོས་ནས་སློབ་གྲྭར་རྒྱབ་སྐྱོར་དང་བསྟོད་བསྔགས་ཡོད་པའི་གསུང་བཤད་གནང་། མ་ཚད་དགེ་རྒན་རྣམས་དང་དགོངས་ཚུལ་བརྗེ་ལེན་ཡང་གནང་ཡོད་པ་རེད





