Search

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་༢༠༢༤ ལོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བདེ་བླགས་ངང་ཚོགས་ཟིན་འདུག

ཁ་སང་ཕྱི་ལོ་ ༢༠༢༤ ཟླ་༦ པའི་ཚེས་༣༠ ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་༢༠༢༤ ལོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་བཞིན་གྲོང་ཁྱེར་ལོའུ་ཝེན་དུ་ཚོགས་ཡོད་པ་དང་།
ཚོགས་ཐོག་ཏུ་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་བྷེམ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་ནི་སློབ་སྟོན་པ་གཉིས་དང་རྒྱུན་ལས་རྣམ་པ། ས་གནས་ཁག་གི་འགན་འཛིན་རྣམ་པ་དང་དགེ་རྒན་གྱི་སྐུ་ཚབ་འཐུས་མི། ཕ་མའི་ཚོགས་གཙོ་དང་ཚོགས་གཞོན་གསར་རྙིང་རྣམས་བཅས་ལས་གྲུབ་པ་ཡིན་ཚུལ་ངོ་སྤྲོད་དང་། འགན་འཛིན་ལྷན་ཚོགས་ནི་རྒྱུན་ལས་ལྷན་ཚོགས་དང་དགེ་རྒན་ལྷན་ཚོགས། ཕ་མའི་ཚོགས་འདུ་བཅས་ལས་དབང་ཚད་མཐོ་ཤོས་དང་གལ་ཆེ་ཤོས་ཀྱི་ཚོགས་འདུ་དེ་ཡིན་ལ། འགན་ལྷན་ཚོགས་འདུ་ཡིས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ལོ་གཅིག་རིང་གི་ལས་དོན་ཁག་ལ་བགྲོ་གླེང་བསྐྱར་ཞིབ་དང་མ་འོངས་ཕར་བསྒྲུབ་དགོས་བའི་ལས་དོན་ཁག་གཏན་འབེབས་གྲོས་ཆོད་འཇོག་དགོས་བ་དང་། རྒྱུན་ལས་འཕོ་འགྱུར་གྱི་འོས་ཤོག་བླུགས་དགོས་བ་བཅས་ངོ་སྤྲོད་གནང་སོང་།
ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ལགས་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐད་ཀྱི་སྤྱིའི་གནས་སྟངས་ངོ་སྤྲོད་དང་། བྷེལ་ཇམ་རང་དུ་སྐྱེས་ཤིང་འཚར་ལོངས་བྱུང་བཞིན་པའི་སློབ་མ་རྣམས་ལ་འོས་ཤིང་འཚམས་པའི་བསླབ་གཞི་སྔོན་འགྲོའི་འཛིན་གྲྭ་ནས་རྩོམ་སྒྲིག་དགོས་བ་ཁ་ཚ་དགོས་གཏུགས་ཆགས་ཡོད་ཚུལ་སྐོར་ངོ་སྤྲོད་གནང་སོང་།
དཔལ་འབྱོར་འགན་འཛིན་སྐལ་བཟང་ལགས་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དཔལ་འབྱོར་གནས་སྟངས་དང་དཔལ་འབྱོར་འདུ་འགོད་གནང་བའི་སྐོར་ངོ་སྤྲོད་དང་། མ་འོངས་བར་བྷེམ་ཇམ་ནང་ཧི་མ་ལའི་རིག་གཞུང་དུས་སྟོན་ལྟ་བུ་ཞིག་གོ་སྒྲིག་གནང་ཐུབ་ཚེ་དཔལ་འབྱོར་འདུ་འགོད་དང་རིག་གཞུང་ཁྱབ་སྤེལ་ཐད་དགེ་མཚན་ཆེ་བ་ཡོད་པའི་དགོངས་ཚུལ་གསུངས་སོང་།
སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་རྩིས་བ་བསོད་ནམས་འཚོ་ཡི་ཚབ་བྱས་ཏེ་ཚོགས་པའི་རྩིས་ཁྲ་བྱུང་སོང་ལྷག་གསུམ་ཞིབ་ཕྲ་ཁམས་གཙང་བཟོས་ཡོད་པ་ངོ་སྤྲོད་གནང་སོང་།
དེའི་རྗེས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ས་གནས་ཁག་དྲུག་གི་འགན་འཛིན་རྣམ་པའི་ས་གནས་ཁག་གི་ལས་བསྡོམས་ངོ་སྤྲོད་དང་རྩིས་ཁྲ་སྒྲོགས་སྦྱངས་གནང་བ་དང་། ས་གནས་ཁག་དྲུག་གི་དགེ་རྒན་གྱི་འཐུས་མི་སྐུ་ཚབ་རྣམ་པས་བསམ་ཚུལ་ཅི་ཡོད་སྙན་གསེང་གནང་བའི་ཐད་བགྲོ་གླེང་ལྷུག་པོ་གནང་བ་དང་། ཕ་མའི་སྐུ་ཚབ་རྣམ་པས་ཕ་མ་ཚོའི་བསམ་ཚུལ་ཅི་ཡོད་སྙན་གསེང་དང་བཅས་བགྲོ་གླེང་གནང་།
ཉིན་གུང་གསོལ་ཚིགས་རྗེས། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་རྩ་འཛིན་སྒྲིག་གཞི་ལྟར་རྒྱུན་ལས་འཕོ་འགྱུར་དང་སྐབས་ལྔ་བའི་གསར་འདེམས་འགན་འཛིན་རྣམས་འོས་ཤོག་བླུགས་ཡོད་པ་དང་།
ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ཀྱིས་དགོངས་པ་ཞུས་བའི་ཚབ་ཏུ་སློབ་སྟོན་པ་རྒན་ལྷག་པ་ཚེ་རིང་ལགས་ནས་གནས་སྐབས་རིང་ཤེས་ཡོན་འགན་འཛིན་གྱི་འགན་གཅིག་ལྕོགས་གནང་རྒྱུ་དང་།
སྤྱི་ཁྱབ་འགན་འཛིན་གཞོན་པ་རྡོ་རྗེ་སྐྱབས་ལགས་ནས་དགོངས་པ་ཞུས་བའི་ཚབ་ཏུ་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་འགན་གཅིག་ལྕོགས་གནང་རྒྱུ་གཏན་འབེབས་བྱུང་།
མཇུག་མཐར། འཇམ་དབྱངས་བློ་འཕེལ་སློབ་གྲྭ་ས་གནས་ཁག་དྲུག་གི་སྔོན་འགྲོ་སློབ་གྲྭའི་སློབ་ཁྲིད་ཐབས་ལམ་དང་ཁྲིད་ཆས་བཟོ་སྐྲུན་ཐད་སྔར་ལས་ཤུགས་སྣོན་དང་། དགེ་རྒན་ཚོའི་ཉམས་མྱོང་བརྗེ་རེས་དང་སློབ་ཁྲིད་ཐབས་ལམ་ཡར་རྒྱས་ཆེད་ས་གནས་ཁག་དབར་ཕན་ཚུན་འགྲོ་བསྐྱོད་དགོས་བ། བྱིས་པའི་བོད་སྐད་ཡིག་གནས་ཚད་ཡར་རྒྱས་གཏོང་ཐབས་ཆེད་དགེ་རྒན་དང་ཕ་མའི་དབར་གྲོས་བསྡུར་ཟུར་ཚོགས་དགོས་བ་དང་ཕ་མ་རྣམས་ལ་ཁྱིམ་ཚང་སློབ་གསོ་ཚད་ལྡན་རེ་སྤྲོད་དགོས་བ་སོགས་གྲོས་ཆོད་དོན་ཚན་དྲུག་བཞག་ཏེ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བདེ་བླགས་ངང་མཇུག་སྒྲིལ་ཟིན

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།