དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་གི་དམིགས་ཡུལ་ནི་ཁ་འཐོར་དུ་ཡོད་པའི་བོད་རིགས་ན་གཞོན་དེ་རྣམས་མཉམ་འཛོམས་དང་ངོ་ཤེས། མཐུན་འབྲེལ། མཛའ་མཐུན་ཡོང་ཐབས་དང་། བཟང་སྤྱོད་སློབ་གསོ་སྤྲོད་ཀྱི་ཡོད་ལ། དབྱར་གསེང་སྐབས་སློབ་ཚན་གཙོ་བོ་བོད་ཀྱི་ཆོས་དང་རིག་གནས། སྒོམ། འཕྲོད་བསྟེན། ཀུན་སྤྱོད་སློབ་གསོ་སོགས་རིག་རྩལ་བྱེད་སྒོ་མང་དག་ཅིག་བཀོད་སྒྲིག་བྱེད་ཀྱི་ཡོད་པར་སོང་། ད་ལོ་ཡང་ ༢༠༢༤ ཟླ ༧ ཚེས ༡༧ རེས་གཟའ་ལྷག་པ་ནས་ཚེས་པ་ ༢༣ རེས་གཟའ་མིག་དམར་བར། གཟའ་འཁོར་གཅིག་གི་རིང་ལ་ར་ཉག་དཔལ་སྦྲུལ་རིན་པོ་ཆེེའི་ཆོས་ཚོགས་རྫོགས་ཆེན་འོག་མིན་ཆོས་ཀྱི་གྲོང་ཁྱེར་དུ་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་གསུམ་པ་དེ་དབུ་འཛུགས་གནང་སའི་ཆོས་ཚོགས་ཕྱིའི་ཁོར་ཡུག་དང་ནང་གི་ལྷ་ཁང་། ཕྱོགས་གང་སར་ནས་མཐུན་རྐྱེན་ལྷག་ལུས་མེད་པར་བཀོད་སྒྲིག་གནང་ཡོད་པ། མ་ཚད་འདི་ལོའི་དགེ་ལས་སློབ་ཕྲུག་ཡོངས་ལ་བཟའ་བཏུང་ཡོངས་རྫོགས་ཐུགས་བརྩེ་བ་ཆེན་པོས་སྦྱིན་བདག་གནང་ཡོད། སྤྱིར་གཏང་ནས་ད་ལོ་ཙམ་མ་ཡིན་པར་བོད་ཡིག་སློབ་གྲྭར་དུས་ནས་དུས་སུ་བཀའ་དྲིན་བླ་མེད་བསྐྱངས་ཡོད་པ་ཚང་མས་མཐོང་ཆོས་མངོན་གྱུར་ཡིན། གང་ལྟར་གོ་སྐབས་འདི་བརྒྱུད་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དགེ་ལས་དང་། སློབ་ཕྲུག ཕ་མ། འབྲེལ་ཡོད་ཡོངས་ཀྱི་ཚབ་བྱས་ནས་གུས་འདུད་དང་བཅས་སྙིང་དབུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ










