Search

༼བཀའ་དྲིན་ཆེ།༽ཞེས་བའི་མཛད་སྒོ་ལེགས་པར་འགྲུབ་པའོ།

ཕྱི་ཟླ་༤ པའི་ཚེས་༡༩ ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་ཐེངས་བཅུ་པ་༼བཀའ་དྲིན་ཆེ།༽ཞེས་པའི་མཛད་སྒོ་དེ་རྒྱལ་ས་སྦུ་རུ་སལ་དུ་ཚོགས་ཡོད་པ་དང་། མཛད་སྒོ་འདི་བཞིན་༧གོང་ས་རྒྱལ་བའི་དབང་བོ་མཆོག་དགུང་གྲངས་༩༠་བཞེས་བའི་གོ་སྟོན་སྲུང་བརྩི་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཁྱོན་ལ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་བ་གཏན་ཁེལ་སྲུང་བརྩིའི་དགོངས་དོན་ལྟར་ཚོགས་ཡོད་འདུག་ལ།
མཛད་སྒོའི་སྟེང་རང་གཞུང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་ས་གནས་ཁག་དྲུག་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་སློབ་༥༠༠ དང་ཕ་མ་༤༠༠ ཙམ། ཕྱི་མི་ལྟད་མོ་བ་བཅས་མི་གྲངས་ཆིག་སྟོང་མ་ཟིན་ཙམ་འདུ་འཛོམས་བྱུང་འདུག
མཛད་སྒོའི་ཐོག་རང་གཞུང་སྐུ་ཚབ་དོན་ཁང་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་གལ་ཆེའི་བཀའ་སློབ་གསུངས་བཤད་གནང་བ་དང་། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་མཛད་སྒོའི་སྐོར་ངོ་སྤྲོད་དང་ཐུགས་རྗེ་ཆེ་གསུང་བཤད་གནང་བ། ཤེས་ཡོན་འགན་འཛིན་ལས་ཚབ་རྒན་ལྷག་པ་ཚེ་རིང་ལགས་ནས་ཤེས་ཡོན་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་སྐོར་ངོ་སྤྲོད་གསུང་བཤད་གནང་འདུག
མཛད་སྒོའི་གསུངས་བཤད་ཁག་གྲུབ་རྗེས་ས་གནས་ཁག་དྲུག་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་ཚོས་མཉམ་གཞས་དང་འཁྲབ་གཞས། ༧གོང་ས་མཆོག་གི་བཀའ་སློབ་སྒྲོག་སྦྱངས། རོལ་དབྱངས་དཀྲོལ་རྡུང་བཅས་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་ལྟད་མོ་བ་ཚོའི་མིག་གི་དགའ་སྟོན་དུ་བཤམས་འདུག
ཉིན་དེར་ཚོགས་ཁང་གསར་བ་རྒྱ་ཆེ་བ་དང་ཁོར་ཡུག་མཛེས་ཤིང་ཁོད་ཡངས་བ། གནམ་གཤིས་སིལ་གྲང་སྙོམས་པ་བཅས་ཡོད་པས་མི་མང་རྣམས་༧རྒྱལ་བའི་སྐུ་དྲིན་དྲན་པའི་༼བཀའ་དྲིན་ཆེ།༽ ཞེས་བའི་མཛད་སྒོ་ལ་ཞི་བདེ་བག་ཕེབས་ངང་རོལ་ཡོད་པ་བཅས་མཐར་མཛད་སྒོ་བདེ་ལེགས་ངང་འགྲུབ་ཡོད་དོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།