ཕྱི་ལོ་༢༠༢༥ ཟླ་ ༥ ཚེས་ ༢༥ རེས་གཟའ་ཉི་མའི་ཉིན་བྷེལ་ཇམ་བོད་ཀྱི་ཆོས་རིགས་འཛིན་སྐྱོང་ཁང་གི་སྦུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭར་སློབ་དུས་འདིའི་ཕ་མའི་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས། དེ་རིང་གི་ཚོགས་འདུའི་ནང་བརྗོད་གཞི་གཙོ་བོ་ནི་ཁྱིམ་ཚང་སློབ་གསོ་དང་། དགེ་རྒན་དང་ཕ་མ་གཉིས་མཉམ་རུབ་ཀྱིས་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས། ཕ་མའི་ཚོགས་གཙོ་དང་ཚོགས་གཞོན་གསར་འདེམས་བཅས་གནང་། ཁྱིམ་ཚང་སློབ་གསོའི་བརྗོད་གཞིའི་ཐད་ཤེས་ཡོན་འགན་འཛིན་གྱི་ལས་ཚབ་རྒན་ལྷག་པ་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ཏེ་ཕ་མ་ཚོས་ཁྱིམ་ཚང་ནང་བུ་ཕྲུག་དང་འབྲེལ་འདྲིས་གནང་སྟངས་དང་། ཕ་མ་ནི་ཕྲུ་གུའི་མེ་ལོང་ལྟ་བུ་ཡིན་པས་རང་ངོས་ནས་ཤེས་ཡོན་སློབ་གསོར་དོ་སྣང་། རང་དཔེ་གཞན་སྟོན་གནང་སྟངས། ལྷག་པར་དུ་བུ་ཕྲུག་ཚོར་བོད་སྐད་ཤོད་སྐབས་སྟབས་བདེ་ཙམ་མ་ཡིན་པར་བརྗོད་པ་ཆ་ཚང་བ་ཤོད་རྒྱུར་འབད་བརྩོན་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་། དེ་རྗེས་རྒན་ལགས་ཚང་མས་རང་ཉིད་ཀྱི་འཛིན་གྲྭའི་གནས་སྟངས་ལ་ཕ་མ་ཚོས་གཞོག་འདེགས་ཇི་ལྟར་གནང་དགོས་པ་གསུངས། མཐའ་མ་ཕ་མའི་ཚོགས་གཙོ་ཚོགས་གཞོན་གསར་པ་གཉིས་འོས་འདེམས་བྱུང་།






