དགེ་རྒན་ཚོའི་ཉམས་མྱོང་བརྗེ་རེས་ཀྱི་སྡིངས་ཆ་གལ་ཆེན་དགེ་རྒན་ལྷན་ཚོགས་ཐེངས་གསུམ་པ་་འཚོགས་འདུག

ཁ་སང་ཕྱི་ཟླ་༨ པའི་ཚེས་༢༦ ཉིན། ཡོ་རོབ་བྷེལ་ཇམ་་གྱི་བོད་མི་འདུས་སྡོད་མང་ཤོས་གྲོང་ཁྱེར་ཨན་ཐུར་ཝེར་ཕན་དུ་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ས་གནས་ཁག་དྲུག་གི་དགེ་རྒན་ལྷན་ཚོགས་ཐེངས་གསུམ་པ་དེ་འཚོགས་ཡོད་པ་དང་།
ཚོགས་འདུའི་སྟེང་ས་གནས་ཁག་དྲུག་གི་དགེ་རྒན་་གྲངས་ ༤༥ འཛོམས་ཡོད་འདུག་ལ། སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་འདི་ལོའི་འགན་འཛིན་ལྷན་ཚོགས་སྟེང་བྱུང་བའི་གྲོས་ཆོད་དགོངས་དོན་གཞིར་བཟུང་དགེ་རྒན་ལྷན་ཚོགས་འདི་བཀོད་སྒྲིག་བྱས་པའི་དགོས་དམིགས་ངོ་སྤྲོད་དང་། ཉེ་ཆར་འཛིན་རིམ་བརྒྱད་པ་མཐར་ཕྱིན་པའི་སློབ་མ་ཁག་ཅིག་རྒྱ་གར་རྡ་རམ་ས་ལའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མ་ལག་ཁག་དང་ཚོགས་སྡེ་ཁག་ལ་ཤེས་ཡོན་ཉམས་གསོག་ལྟ་སྐོར་ཕྱིན་པའི་སྐོར་ངོ་སྤྲོད་དང་། ལྷག་པར་དུ་༧གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གནས་རྒྱུད་འཛིན་ཆེད་སེམས་ཤུགས་མ་ཆགས་པར་ཤུགས་རྒྱག་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་མོ་ཕེབས་པའི་སྐོར་ངོ་སྤྲོད་གནང་། ཐེངས་འདིར་ཤེས་ཡོན་ཉམས་གསོག་ལྟ་སྐོར་ཆེད་རང་གཞུང་ཤེས་རིག་ལས་ཁུངས་ནས་ཐོག་མཐའ་བར་གསུམ་དུ་བཀོད་སྒྲིག་ཚགས་ཚུད་དང་རོགས་རམ་བླ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། གཞན་ཡང་ཤེས་རིག་ལས་ཁུངས་ཀྱིས་བཀོད་ཁྱབ་ལྟར་འདི་ལོའི་རྩེ་ཕུད་སློབ་མ་འདེམས་ཕྱོགས་སྐོར་ཡང་ངོ་སྤྲོད་གནང་སོང་། ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ཀྱིས་༢༠༢༣ དང་༢༠༢༤ ལོའི་སློབ་ཁྲིད་འཆར་འགོད་ངོ་སྤྲོད་ཞིབ་རྒྱས་གནང་བ་དང་། དམིགས་གསལ་ཐ་སྙད་གསར་བ་དང་དག་ཡིག་སློབ་ཁྲིད་ཀྱི་ཐབས་ལམ། ཡིག་རྒྱུགས་གཏོང་ཕྱོགས་སྐོར་བཅས་ངོ་སྤྲོད་གནང་།
སྤྱི་ཁྱབ་འགན་འཛིན་གཞོན་པ་རྡོ་རྗེ་སྐྱབས་ཀྱིས་དང་བླངས་དགེ་རྒན་ཚོས་ལྷག་བསམ་རྣམ་དག་གིས་ལས་དོན་དུས་ཐོག་སྒྲུབ་དགོས་པ་དང་། དགེ་རྒན་རྣམ་པས་སློབ་མ་དང་ཕ་མ་ཚོར་མིག་དཔེ་བཟང་པོ་འཇོག་དགོས་བའི་འབོད་སྐུལ་གནང་སོང་། གསུང་བཤད་ཁག་གྲུབ་རྗེས་ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་དང་སློབ་སྟོན་པ་ལྷག་པ་ཚེ་རིང་གཉིས་ཀྱིས་དགེ་རྒན་ཚོར་སློབ་ཁྲིད་སྐོར་ཟབ་སྦྱོང་དང་དགེ་རྒན་ཚོའི་ཕན་ཚུན་ཉམས་མྱོང་བརྗེ་རེས་གནང་། ཟབ་སྦྱོང་གྲུབ་རྗེས་དགེ་རྒན་ཚོའི་དགོངས་འཆར་བསྡུ་ལེན་གནང་བ་དང་མ་འོངས་བར་དགེ་རྒན་ལྷན་ཚོགས་དེ་བཞིན་དགེ་རྒན་ཚོའི་ཉམས་མྱོང་བརྗེ་རེས་ཀྱི་སྡིངས་ཆ་གལ་ཆེན་ཞིག་ཆགས་པར་ཚང་མའི་བསམ་པ་གཅིག་མཐུན་བྱུང་འདུག
རྩ་བའི་དགེ་རྒན་ལྷན་ཚོགས་ཐེངས་དང་པོ་དེ་༢༠༡༤ ལོ་རྒྱལ་ས་སྦུ་རུ་སལ་དུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་དེ་༢༠༡༨ ལོ་ས་གནས་ཨོ་སུ་ཐན་ཏེ་ལ་ཚོགས་འདུག་ལ། དེའི་རྗེས་ནད་ཡམས་དང་ཕྱི་ནང་གི་རྐྱེན་མང་པོས་ཐེངས་གསུམ་པ་དེ་ད་ལྟའི་བར་དུ་ཚོགས་ཐུབ་མེད་པ་རེད་འདུག

གནས་ཚུལ་རྒྱས་པ། དགེ་རྒན་ལྷན་ཚོགས་ཐེངས་གསུམ་པ། ༢༠༢༣།༨།༢༦ – YouTube

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།