ཕྱི་ལོ་༢༠༢༥ ་ཟླ་༧ ཚེས་༠༢ རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་རང་ཅག་ཡོངས་ཀྱི་བླ་ན་མ་མཆིས་པའི་མགོན་སྐྱབས་སྤྱི་ནོར་༸གོང་ས་ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་དགེ་སློབ་ཡོངས་ཀྱིས་མཇལ་ཁ་ཞུ་སྐབས་འགན་འཛིན་འཇིགས་མེད་ལགས་ཀྱིས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་མི་ལོ་༡༨ རིང་གི་ལས་བསྡོམས་དང་སྙན་ཞུ། ཚགས་པར་བཅས་ཕུལ། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་སྙན་ཞུ་ལྗགས་ཀློག་གནངས་བ་མ་ཟད་ཐུགས་སྨོན་སྐྱབས་འཇུག་དང་བསྔགས་བརྗོད་ཡང་ཡང་གནངས།
དེ་བཞིན་ ༸གོང་ས་མཆོག་བྷེལ་ཇམ་དུ་ཆིབས་བསྒྱུར་གནང་སྐབས་མ་འོངས་པར་རིགས་ལམ་སྦྱང་ཏེ་དེའི་ཐད་བགྲོ་གླེང་ཡག་པོ་ཞིག་བྱ་ཐུབ་པ་བྱུང་ཚེ་སྐུ་ཉིད་སླར་ཡང་བྷེལ་ཇམ་དུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདུན་ཡོད་ཅེས་གསུངས་པས་ན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འཛིན་གྲྭ་དྲུག་པ་ནས་བརྒྱད་པའི་བར་དུ་ ༸གོང་ས་མཆོག་གི་ལེགས་བཤད་བརྒྱ་རྩ་བཅུ་གསུམ་མ་དང་རིགས་ལམ་གྱི་སློབ་ཚན་གང་ནུས་སྦྱོང་རྒྱུར་འབད་བརྩོན་བྱས་དང་བྱ་མུས་ཡིན། འདི་ལོ་སྐུ་ཉིད་དགུང་གྲངས་༩༠ ཕེབས་པའི་སྐུའི་འཁྲུངས་སྐར་༼བྱམས་བརྩེའི་ལོ་༽བརྩི་སྲུང་ཞུས་པའི་སྐབས་དང་བསྟུན་ནས་འཛིན་གྲྭ་བརྒྱད་པའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་རིག་ལམ་ཆེ་བ་བློ་རིག་གི་རྣམ་བཞག་བཤད་པ་ལས་བློ་མངོན་སུམ་གྱི་མཚན་ཉིད་དང་དབྱེ་བའི་སྐོར་རྟགས་བསལ་གཏོང་ཐུབ་པ་བྱུང་བ་འདི་བླ་སློབ་ཀྱི་དམ་ཚིག་མཐུན་པ་དང་རང་ཅག་གིས་ཚེ་རབས་དུ་མར་ལས་དང་བསོད་ནམས་རྒྱ་ཆེར་བསགས་པའི་སྐལ་བཟང་གི་འབྲས་བུ་ཤ་སྟག་ཡིན་པས། ཆོས་རིག་འཛིན་སྐྱོང་ཁང་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་ལས་དང་སློབ་མ། ཕ་མ་བཅས་དགའ་དད་སྤྲོ་གསུམ་རབ་ཏུ་འཕེལ།
དེའི་ཉིན་རྒྱབ་ཏུ་༧ གོང་ས་མཆོག་གི་བཀའ་མངགས་བཞིན་སྐུ་སྒེར་ཡིག་ཚང་གིས་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་མཆོག་ལ་ ༧ གོང་ས་མཆོག་གི་བཀའ་ཡིག་གནངས། དེ་ནི་༧ རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པས་ན་ཆོས་རིག་འཛིན་སྐྱོང་ཁང་གི་གུས་འབངས་ཡོངས་ཀྱི་བསོད་ནམས་བསགས་པའི་བགོ་སྐལ་བསམ་གྱིས་མི་ཁྱབས་པ་ཞིག་ཡིན། དེ་བས་ན་ང་ཚོའི་རང་རེའི་སྐད་ཡིག་དང་རིག་གཞུང་། ནང་ཆོས་སོགས་ཡར་རྒྱས་སུ་གཏོང་བར་སྙིང་སྟོབས་དང་སེམས་ཤུགས་སྔར་ལས་ལྷག་པ་སྐྱེས་བྱུང་།







