2019 ལོའི་དབྱར་སེང་ཟབ་སྦྱོང་།

༄༅།། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩའི་རྒྱབ་སྐྱོར་དང་རོགས་རམ་འོག བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་། Centre Culturel Tibetainནས་ ༢༠༡༩ ཟླ་བ་ ༨ ཚེས་ ༤ ནས་ཚེས་ ༩ བར་དབྱར་སེང་གི་ཟབ་སྦྱོང་ཚོགས་ཐུབ་པ་བྱུང་།

བྷེལ་འཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ངོས་ནས་བཤད་ན། ཐེངས་འདིའི་དབྱར་སེང་ཟབ་སྦྱོང་དེ་ནི་ད་བར་ཚོགས་པའི་ཟབ་སྦྱོང་ཁྲོད་ནས་ཕྲུ་གུ་འཛོམས་ཆེ་ཤོས་ཤིག་ཡིན་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་ཕ་རན་སི་དང་། འཇར་མ་ནི། བྷེལ་འཇམ་བཅས་ཡུ་རོབ་ཡུལ་གྲུ་ཁག་ནས་ཁྱོན་བསྡོམས་བོད་པའི་བོད་ཕྲུག་ ༡༡༠ མཉམ་ཞུགས་བྱས་ཡོད། མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་ཕྲུ་གུ་དེ་དག་ལ། འགོ་ཁྲིད་ཀྱི་ནུས་པ་དང་། མཉམ་རུབ་ཀྱི་ནུས་པའི་གལ་ཆེའི་རང་བཞིན་བྱང་གོམས་དང་། བོད་ཀྱི་རིག་གཞུང་ལ་སྤྲོ་སྣང་སླེབས་ཐུབ་པ་བྱེད་ཆེད། ནང་ཆོས་ཀྱི་དོན་སྙིང་དང་། བོད་སྐད། ལོ་རྒྱུས་མི་སྣ། བོད་ཀྱི་ཡུལ་ལུང་། བཟང་སྤྱོད་ཀྱི་རིན་ཐང་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་དང་། སློབ་ཕྲུག་ཚོས་ད་དུང་གཏམ་བརྗོད་དང་། སྒོར་གཞས་འཁྲབ་སྦྱོང་དང་། ལྷག་སྐར་གྱི་སྲུང་བརྩིར་བལྟ་སྦྱོང་། དབྱར་སེང་ས་ཚིགས་ཀྱི་འགན་འཁུར་བཅས་བྱས་ཡོད་པ་རེད།

བོད་ཀྱི་ཐེབས་རྩའི་འགོ་ལས་ཡོངས་ནས་གོ་སྐབས་འདི་བརྒྱུད་ཐེངས་འདིའི་བརྗེད་པར་དཀའ་བའི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་གྲ་སྒྲིག་བྱས་པའི་དབྱར་སེང་ཟབ་སྦྱོང་ལ་ཕྱར་འགྲུ་མཉམ་འདེགས་དང་གང་ཅིར་གཞོགས་འདེགས་གནང་མཁན་དཔའ་སྤྲུལ་རིན་པོ་ཆེ་དང་། དགེ་རྒན་ཆེན་མོ་རི་མདོ་སེང་གེ། ཨ་ཁུ་འཇིགས་མེད་སོགས་དགེ་རྒན་རྣམས་དང་། དང་བླངས་དང་ཕྲུ་གུའི་ཕ་མ། བྷེལ་འཇམ་བོད་ཀྱི་ཆོས་རིགས་འཛིན་སྐྱོང་ཁང་གི་རྒྱུན་ལས་བཅས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།