དགེ་རྒན་གྱི་གལ་གནད་གླེང་བཞིན་བཀུར་སྟི་དང་ཆེ་མཐོང་བསྐྱར་གསོ་བྱེད་པ།

ཚེ་རིང་དབྱངས་སྐྱིད།

དེ་ཡང་། ཐོག་མར་དགེ་རྒན་ཞེས་པའི་མཚན་ཉིད་དང་། ཐོུང་མ་ཡིན་པའི་ཁྱད་ཆོས་བརྒྱད་གསུངས་པ་སྟེ།

༡། བླང་དོར་མི་ཤེས་པའི་སྐབས་སུ་ལེགས་ཉེས་སྟོན་པའི་མིག་ལྟ་བུ།

༢། སློབ་དཔོན་མེད་པའི་སྐབས་སུ་ལམ་སྟོན་པའི་སྒྲོན་མེ་ལྟ་བུ།

༣། སེམས་ཞུམ་པའི་སྐབས་སུ་སྤྲོ་བ་བསྐྱེད་པའི་བདུད་རྩི་ལྟ་བུ།

༤། ང་རྒྱལ་སྐྱེས་བའི་སྐབས་སུ་རང་སྐྱོན་མཐོང་བའི་མེ་ལོང་ལྟ་བུ།

༥། སྐྱིད་སྡུག་གང་གི་སྐབས་སུ་འགྱུར་བ་མེད་པའི་གྲོགས་ལྟ་བུ།

༦། དཀའ་ངལ་འཕྲད་པའི་སྐབས་སུ་ཐབས་ཤེས་འདོན་པའི་གྲོས་འདྲི་ས་ལྟ་བུ།

༧། ཉོན་མོངས་དུག་གསུམ་གྱི་ནད་སེལ་བའི་སྨན་ལྟ་བུ།

༨། རྐུན་པོས་ནམ་ཡང་འཕྲོག་མི་ཐུབ་པའི་ནོར་གྱི་མཆོག་ལྟ་བུ་བཅས་ཡིན།

དགེ་རྒན་ནི་མི་ཞིག་གི་མི་ཚེའི་ནང་གི་འབྲེལ་ཆགས་མི་སྣ་གལ་གནད་ཆེ་ཤོས་དེ་ཡིན། ལྷག་པར་སློབ་ཕྲུག་ཅིག་ལ་ཆ་མཚོན་ན། སོ་སོའི་མི་ཚེའི་ནང་ཤུགས་རྐྱེན་ཆེ་ཤོས་དེ་སོ་སོའི་དགེ་རྒན་ནས་ཡོང་གི་ཡོད། གང་ཟག་གཅིག་གི་རྒྱུད་ལ་ཡོན་ཏན་ཇི་ཙམ་ཡོད་མེད་དེ་རང་ལ་དགེ་རྒན་ཇི་འདྲ་ཞིག་ཐུག་ཡོད་མེད་ལ་རག་ལུས་ཀྱི་ཡོད་པ་རེད། དགེ་རྒན་གྱི་བཀའ་དྲིན་ནི་ཕ་མའི་བཀའ་དྲིན་དང་གཉིས་སུ་མ་མཆིས། ནམ་རྒྱུན་གསུངས་སྲོལ་ལ། དགེ་རྒན་གྱི་བཀའ་དྲིན་དེ་ནི་ལོང་བར་མིག་སྦྱིན་པ་ལྟ་བུ་རེད་གསུངས་ཀྱི་ཡོད། དེ་ཙམ་དུ་མ་ཟད་དགེ་རྒན་གྱི་ལས་ཀའི་ཤུགས་རྐྱེན་དང་ཕན་འབྲས་ནི་གང་ཟག་སྒེར་གཅིག་པུ་ཙམ་མ་ཡིན་པར་སྤྱི་ཚོགས་དང་། རྒྱལ་ཁབ། མི་རིགས་བཅས་པར་ཡོང་གི་ཡོད། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཡར་རྒྱས་གཏོང་རྒྱུ་ནི་དཔལ་འབྱོར་ལ་རག་ལས་ཡོད་པ་དང་། དེ་བཞིན་བསམ་པ་དང་ཀུན་སྤྱོད་ལའང་རག་ལས་ཡོད། དེ་གཉིས་ཀྱི་ཐོག་ནས་སྤྱི་ཚོགས་ཡར་རྒྱས་འགྲོ་གི་ཡོད། དེ་དག་ཐམས་ཅད་སློབ་གྲྭ་ནས་ཡོང་གི་ཡོད། དེ་ཡང་སློབ་གྲྭའི་དགེ་རྒན་ནས་ཡོང་གི་ཡོད། དེར་བརྟེན་དགེ་རྒན་གྱི་བྱ་བའི་རང་བཞིན་ངོས་བཟུང་ནས་ང་ཚོས་བརྩི་བཀུར་ཞུ་ཞིང་རིན་ཐང་རྟོགས་པར་བྱེད་དགོས། དེ་བས་ན་དགེ་རྒན་བཀའ་དྲིན་ཆེན་པོ་ཡིན་པར་ངོས་འཛིན་དང་། དགེ་རྒན་གྱི་བཀའ་དྲིན་དྲན་རྒྱུ་དང་། བཀའ་དྲིན་གཞལ་བར་བྱ་རྒྱུ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་བསླབ་བྱ་ཡིན།

དུས་ཚོད་ཀྱི་འགྱུར་འགྲོས་བཞིན་སྤྱི་ཚོགས་ཀྱང་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ཡིན། དེང་གི་ཆར་སྔར་དང་མི་འདྲ་བར་སློབ་ཕྲུག་དང་དགེ་རྒན་གཉིས་ཀྱི་འདུ་ཤེས་ལྷུག་ཏུ་ཕྱིན་ཡོད་པ། བར་ཐག་ཉེ་རུ་ཕྱིན་པ། མདོ་དོན་སློབ་ཕྲུག་གིས་དགེ་རྒན་ལ་སྔར་བཞིན་ཞེད་སྣང་དང་འཚེར་སྣང་མེད་པར་གྲོགས་པོ་དང་གྲོགས་མོའི་འདུ་ཤེས་འཛིན་པ་ནི་བཟང་པོའི་འགྱུར་བ་ཞིག་ཡིན་མོད་ཀྱང་། སློབ་ཕྲུག་ངོས་ནས་དགེ་རྒན་གྲོགས་པོའི་འདུ་ཤེས་འཛིན་པ་དེ་ལ་གུས་ཞབས་ཞུ་དགོས་པ་ལས་གོ་དོན་ལོག་པར་བཟུང་སྣང་ཆུང་དང་ཁྱད་གསོད་བྱེད་མི་རུང་སྙམ། ཕྱོགས་མཚུངས་དགེ་རྒན་གྱི་ངོས་ནས་ཀྱང་སློབ་ཕྲུག་རྣམས་ལ་སེམས་ཐག་ཉེ་རུ་བཏང་ནས་སོ་སོའི་བརྒྱུད་ལ་ཤེས་ཡོན་དང་ལེགས་ཆ་ཇི་ཡོད་རྒྱུས་སྟོན་དང་རྩིས་སྤྲོད་གནང་དགོས་རྒྱུ་ལས་ཉིན་མ་གང་འཁྱོལ་གྱིས་ཁྲལ་རྒྱུག་པ་ལྟ་བུ་གནང་མི་རུང་། སློབ་མ་རྣམས་ལ་སློབ་སྦྱོང་སྤྲད་ཐུབ་ཙམ་མིན་པར་སློབ་མ་མི་རེ་ངོ་རེ་ནས་ཤེས་ཐུབ་པར་འབད་བརྩོན་གནང་གལ། བོད་པའི་སློབ་མ་རྣམས་ནས་སློབ་སྦྱོང་གི་ལམ་ནས་རང་རེའི་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་སླར་གསོ་དང་འཛིན་སྐྱོང་། རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་སྲུང་སྐྱོབ་བྱེད་དགོས་པས་ན། བོད་པའི་དགེ་རྒན་རྣམས་ལ་ནི་གཞན་དང་མི་འདྲ་བར་ལས་འགན་གལ་ཆེན་པོ་ཞིག་ཡོད་པ་དུས་རྟག་ཏུ་ཐུགས་ལ་བཅངས་དགོས་པ་ཡིན། དེ་ལྟར་སོ་སོའི་རྩ་དོན་སྙིང་ལ་བཅངས་བའི་ཐོག་སློབ་མ་རྣམས་ལ་སློབ་ཁྲིད་གནང་ཐུབ་ན་དེ་ནི་༸རྒྱལ་བའི་དགོངས་བཞེད་སྒྲུབ་པ་དང་། སོ་སོ་རང་ཉིད་ཀྱི་མི་ཚེ་ཡང་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད།

སྒྲིག་འཛུགས་དང་སྤྱི་ཚོགས་ངོས་ནས་ཀྱང་དགེ་རྒན་ལ་ཆེ་མཐོང་ངེས་པར་ཞུ་དགོས། དཔེར་ན། དགེ་རྒན་ཞིག་སྨན་ཁང་དུ་བསྟེན་གཏུགས་ཕེབས་ཚེ་བང་རིམ་ནང་སྒུག་མི་དགོས་པ་མ་ཟད་སྨན་རིན་ཡང་ལྷ་རབས་བྱུང་ན་རིན་མེད། དེ་མིན་ཆག་ཡང་གནང་རྒྱུ་དང་། སྤྱི་སྒེར་མཛད་སྒོ་གང་འདྲ་ཞིག་ཚུགས་རུང་དགེ་རྒན་གྲལ་འགོ་རུ་གདན་ཞུ་གནང་རྒྱུ། ཞབས་ལོ་བཅོ་ལྔ་འཁོར་བའི་དགེ་རྒན་རྣམས་ལ་གཞུང་འབྲེལ་མཛད་སྒོའི་སྐབས་གཟེངས་བསྟོད་འབུལ་རྒྱུ། དགེ་རྒན་གྱི་ཉིན་མོ་དེ་ལྟར་གཞུང་འབྲེལ་སྲུང་བརྩི་ཞུ་རྒྱུ། དེ་བཞིན་སྒེར་གྱི་ངོས་ནས་ཀྱང་དགེ་རྒན་རྣམས་ལ་དམིགས་བསལ་གཟིགས་པ་དང་ཆེ་མཐོང་། མཐུན་འགྱུར་ཇི་འགབ་གནང་ཐབས་གནང་རྒྱུ་སྟེ། ཚོང་ཁང་དང་ཟ་ཁང་ཁག་གི་ནང་ཕེབས་སྐབས་རིན་གོང་ཐད་དམིགས་བསལ་ཆག་ཡང་གནང་རྒྱུ།

བོད་མིིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅིུག་གི་ནང་གསེས་དང་པོ་ལས། མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབ་ཤེས་ཡོན་ལ་རག་ལུས་ཤིང་། ཤེས་ཡོན་བཟང་ཞན་དགེ་རྒན་ལ་རག་ལུས་པས། དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན་སྟབས། མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་ཞེས་འཁོད་ཡོད་པས། སློབ་ཕྲུག་ལྟ་ཅི་སྤྱི་ཚོགས་ཁྱོན་ཡོངས་ནས་དེ་རིང་དགེ་རྒན་གྱི་ཉིན་མོ་སྲུང་བརྩི་ཞུ་བ་དང་འབྲེལ། དགེ་རྒན་གྱི་གལ་གནད་བསམ་ཤེས་ཀྱིས་མཆོག་ཏུ་མཐོང་ནས་གོང་དུ་བཀུར་རྒྱུའི་སྲོལ་རྒྱུན་གྱི་གཤིས་སྤྱོད་བཟང་པོ་དེ་ལྟར་སླར་གསོ་ངེས་པར་ཡོང་བའི་འབོད་སྐུལ་ཞུ། བཀྲིན་ཆེ། དགེ་རྒན་རྒྱལ་ལོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།