ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་སྐབས་བརྒྱད་པ། ༼ཕུགས་བསམ་གྱི་རྡོ་རིང་།༽

ཕྱི་ལོ་ ༢༠༢༣ཟླ་ ༠༡ ཚེས་ ༧ ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་སྐབས་བརྒྱད་པ། ཕུགས་བསམ་གྱི་རྡོ་རིང་ཅེས་པ་དངོས་སུ་འཚོགས་ཡོད་པ་རེད།
དགོང་ཚོགས་དེ་ནི། འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣམས་ལ་ཆེད་དུ་དམིགས་པའི་དགོང་ཚོགས་ཤིག་ཡིན། དེར་བརྟེན། དགོང་ཚོགས་འདིའི་གར་སྟེགས་ཐོག བྷེལ་ཇམ་ནང་འཚར་ལོང་བྱུང་བཞིན་པའི་བྱིས་པ་ལོ་གསུམ་ཕྱེད་ནས་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། བྱིས་པ་ཁོང་ཚོས་བོད་ཀྱི་གླུ་ལེན་ས། གར་འཁྲབ་ས། སྙན་ངག་གྱེར་ས། མདོར་ན་བོད་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་སའི་གར་སྟེགས་ཤིག་ཡིན།
ལོ་ལྟར་དགོང་ཚོགས་འདིའི་ཐོག་བྱིས་པ་སུམ་བརྒྱ་ལྷག་རེ་མཉམ་ཞུགས་ཀྱིས་ཆ་ཤས་ལེན་གྱི་ཡོད། དགོང་ཚོགས་འདིར་གྲ་སྒྲིག་གི་ཆེད་དུ། དགོང་ཚོགས་མ་འཚོགས་སྔོན་གྱི་ཟླ་བ་གཅིག་ཙམ་ནས་བཟུང་། ས་གནས་སོ་སོའི་སློབ་གྲྭར་གླུ་དང་གར། རོལ་མོ། སྙན་ངག ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གྱེར་འདོན་སོགས་བསླབས་ནས་སྦྱོང་བརྡར་བྱེད་ཀྱི་ཡོད་རེད།
གར་སྟེགས་འདིས་བོད་ཀྱི་བྱིས་པ་ཁོང་ཚོར་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་བག་ཆགས་འཇོག་ཐུབ་པས་མ་ཚད། དགོང་ཚོགས་འདིའི་སྐབས་བྷེལ་ཇམ་ནང་ཁ་འཐོར་དུ་ཡོད་པའི་ས་གནས་ཆེ་ཁག་དྲུག་གི་བོད་ཀྱི་བྱིས་པ་དང་ཕ་མ་མང་པོ་ཞིག་མཉམ་འཛོམས་བྱེད་ཐུབ་པས། བོད་ཀྱི་སྤྱི་ཚོགས་དང་མཐུན་ལམ་སོགས་ལ་ཡང་ཕན་ཐོག་ཆེན་པོ་འབྱུང་གི་ཡོད།
ལྷག་པར་བྱིས་པ་ཚོའི་སེམས་ནང་བོད་ཀྱི་སྤྱི་ཚོགས་དང་མི་རིགས་གཅིག་པའི་འདུ་ཤེས། མི་རིགས་ཀྱི་རིག་གནས་ཀྱི་བག་ཆགས་ཟབ་མོ་འཇོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དགོང་ཚོགས་འདིར་ཕ་མ་རྣམས་ཀྱིས་སྒོ་འཛིན་ཉོ་དགོས་པ་དང་། དགེ་རྒན་དང་ལས་བྱེད་རྣམས་ཀྱིས་དང་བླངས་ཀྱི་ལས་ཀ་ཡོངས་རྫོགས་བྱེད་དགོས་པ་རེད་ལ། དགོང་ཚོགས་ཀྱི་ཡོང་འབབ་གང་ཡོད་ཚང་མ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འགྲོ་སོང་གཏོང་བྱེད་བྱེད་ཀྱི་ཡོད་རེད།
དེར་བརྟེན་དགོང་ཚོགས་འདི་ལྟ་བུ་ལ་མཉམ་ཞུགས་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་དག་ནི་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་བྱེད་མཁན་རེད་ཅེས་བཤད་ཀྱང་མི་ཆོག་མེད་པར་སྣང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།