ཟླ་འདིའི་ཚེས་ ༡༥ ཉིན་བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ་འཚོགས་ཡོད་པ་རེད། སྤྱིར་བཏང་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ས་གནས་ཁག་དྲུག་གི་ནང་ལ་ཁྱིམ་ཚང་༢༩༤ ཡི་བུ་ཕྲུག་སློབ་གྲྭ་ལ་གཏོང་གི་ཡོད། ལོ་ལྟར་ཟླ་བ་གཉིས་རེའི་ནང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་རྣམས་ས་གནས་རེ་ལ་ཕྱིན་ནས། ས་གནས་ཀྱི་ཕ་མ་ཚོར་ཚོགས་འདུ་རེ་འཚོག་སྲོལ་ཡོད་པ་རེད། ཚོགས་འདུའི་སྐབས་ཁྱིམ་ཚང་སློབ་གསོ་དང་། ས་གནས་ཀྱི་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས། ཕྲུག་གུ་རྣམས་ལ་བདག་སྐྱོང་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་། དྲི་བ་དྲིས་ལན། བསམ་བློ་བརྗེ་རེས་བྱེད་ཀྱི་ཡོད་པ་རེད།
ས་གནས་བྷུ་རུ་སལ་ལ་མཚོན་ན། ད་ལོར་ཁྱིམ་ཚང་༩༦ དང་དགེ་རྒན་དང་ལས་བྱེད་ ༡༥ སློབ་ཕྲུག་ ༡༣༦ ཡོད། ཁར་རྩང་ཚོགས་འདུའི་ཐོག་དགེ་རྒན་རྣམ་པ་དང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་ཤེས་ཡོན་འགན་འཛིན་སོགས་འབྲེལ་ཡོད་མི་སྣ་ཚང་མ་མཉམ་འཛོམས་བྱས་ནས་ས་གནས་ཀྱི་སློབ་གྲྭ་ཡར་གཏོང་ཕྱོགས་སོགས་ལ་འགན་འཛིན་རྣམས་དང་། དགེ་རྒན་རྣམས་ཀྱིས་གཏམ་བཤད་དང་། ཕ་མ་རྣམས་ཀྱིས་བསམ་ཚུལ་བཤད། འཛིན་ཁང་གསར་བའི་སྒྲིག་སྲོལ་ངོ་སྤྲོད་དང་། འཛིན་ཁང་རྣམས་ལ་ལྟ་སྐོར་བྱས་ཡོད་པ་རེད།
བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་དེ། དེ་སྔོན་ས་གནས་ཡུལ་མིའི་ཧོ་ལན་སྐད་ཀྱི་འབྲིང་རིམ་སློབ་གྲྭ་ཞིག་ལ་འཛིན་ཁང་གླ་ནས་འཚོགས་ཀྱི་ཡོད་ན་ཡང་། ད་ལོར་ཁོང་ཚོའི་སློབ་གྲྭ་སློབ་ཆུང་སློབ་གྲྭ་ཞིག་དང་བརྗེ་བསྒྱུར་བྱས་པ་ལ་བརྟེན་ནས། བྷུ་རུ་སལ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འཛིན་ཁང་ཡང་སློབ་གྲྭ་གཞན་ཞིག་ལ་སྤོར་དགོས་བྱུང་ཡོད། ད་ཡོད་སློབ་གྲྭའི་ནང་བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ལ་འཛིན་ཁང་༩ དང་ངལ་གསོ་ཁང་གཅིག་བཅས་ཁང་གླ་བླངས་ཡོད་པ་རེད། ལོ་གཅིག་གི་འཛིན་ཁང་གླ་ཆ་ཡོ་སྒོར་ཁྲི་གཉིས་མ་ཟིན་ཙམ་འགྲོ་གི་ཡོད་པ་རེད།
སྤྱིར་བཏང་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་བཙུགས་པའི་བྷེལ་ཇམ་ནང་གི་བོད་ཡིག་གི་གཟའ་མཇུག་སློབ་གྲྭ་ཞིག་རེད། སློབ་གྲྭ་དེ་བྷེལ་ཇམ་ནང་བོད་མི་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཁག་དྲུག་གི་ནང་ལ་ཡོད་པ་རེད། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནི་བོད་ཀྱི་ཆོས་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་ཁེ་མེད་རིག་གཞུང་ཞབས་ཞུ་ཁང་ཞིག་ཡིིན་པ་དང་། ཚོགས་པ་དེའི་ལས་དོན་གཙོ་བོ་དེ་ཡང་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ཆགས་ཡོད་པ་རེད།