༼སྐབས་དང་པོ༽ མཐར་ཕྱིན་སློབ་མའི་ཤེས་ཡོན་ཉམས་གསོག

ཕྱི་ཟླ་༧ པའི་ཚེས་༡༠ ཉིན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག་སྐབས་དང་པོའི་མཐར་ཕྱིན་སློབ་མ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་རམ་ས་ལར་ཤེས་ཡོན་ཉམས་གསོག་ཟབ་སྦྱོང་དང་འབྲེལ་བའི་གཟིགས་སྐོར་ལས་རིམ་དངོས་སུ་མགོ་བཙུགས་པ་དང་། ཟབ་སྦྱོང་ལས་རིམ་འདི་ལ་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འཛིན་རིམ་བརྒྱད་པ་མཐར་ཕྱིན་མཁན་སློབ་མ་དང་ལོ་རྗེས་མར་མཐར་ཕྱིན་གྱི་སློབ་མ་ ༡༩ དང་དགེ་རྒན་གཉིས། ལས་བྱེད་གསུམ་བཅས་མཉམ་ཞུགས་གནང་ཡོད་ལ།

ཚེས་༡༠ ཉིན་ཁོ་ཚོ་ཡོ་རོབ་བྷེལ་ཇམ་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལི་རུ་བདེ་འབྱོར་བྱུང་བ་དང་། ལྡི་ལི་རུ་འབྱོར་རྗེས་ཀིརྟི་དགོན་པའི་ཞི་བདེ་དང་ཤར་ཕྱོགས་མགྲོན་གཉིས་ནང་དམིགས་བསལ་སློབ་མ་ཚོ་ངལ་གསོ་གོ་སྒྲིག་གནང་བ་དང་། ས་སྡོད་གནས་གྲ་སྒྲིག་དང་དངུལ་སྒོར་བརྗེ་བ། རྡ་སར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་གོ་སྒྲིག་གནང་བ་སོགས་སྔ་རྗེས་བར་གསུམ་དུ་རོགས་རམ་བླ་མེད་གནང་བྱུང་།


ཕྱི་ཚེས་༡༢ ཉིན་གྱི་ཞོགས་པ་སློབ་མ་ཚོ་སྤྱི་སྤྱོད་རླངས་འཁོར་བརྒྱུད་རྡ་ས་མེག་ལོག་གན་ཇི་རུ་བདེ་འབྱོར་བྱུང་བ་དང་། ཀིརྟི་དགོན་པའི་མཀོན་པོ་མགྲོན་ཁང་གི་ཐོག་ཁང་ཆ་ཚང་སློབ་མ་ཚོར་སྡོད་གནས་གོ་སྒྲིག་བཟོས་བ་དང་ལྷན་ཞོགས་ཟས་བག་ལེབ་དང་ཁ་ཟས། འོ་ཇ་སོགས་གྲ་སྒྲིག་གནང་སྟེ་སྣེ་ལེན་ཟབ་རྒྱས་གནང་བྱུང་། ཉིན་གུང་ཞལ་ལག་རྗེས་སློབ་མ་ཚོ་རྡ་ས་མེག་ལོག་གན་ཇི་རུ་སྤྲོ་འཆམ་དུ་ཕྱིན། དགོང་མོ་སློབ་མ་ཚོ་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་འཛོམས་ཏེ་ཕྱི་ཉིན་གྱི་ལས་རིམ་ཁག་ངོ་སྤྲོད་བྱས

ཕྱི་ཚེས་༡༣ ཉིན་གྱི་ཞོགས་པ་ཟབ་སྦྱོང་ལས་རིམ་དངོས་གཞི་མགོ་བཙུགས་པ་དང་། རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བ་ལྟར་སློབ་མ་ཚོ་གངས་སྐྱིད་ཀམ་པུ་ཌར་སྡེ་ཚན་གྱི་ཚོགས་ཁང་ནང་དུ་འཛོམས། ལས་རིམ་ཐོག་མར་སློབ་མ་རྣམས་ལ་དཔལ་ལྡན་རང་གཞུང་ཁྲིམས་ཞིབ་ཁང་གི་ལོ་རྒྱུས་ཁྲིམས་ཞིབ་པ་བསྟན་འཛིན་ལོང་རྟོག་ལགས་ནས་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་བཅས་དྲི་བ་དྲི་ལན་སོགས་གནང་སོང་།

ལས་རིམ་གཉིས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོ་སྤྲོད་དེ་བཞིན་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་ལོ་རྒྱུས་ཁ་གསལ་གོ་བདེ་ལམ་ནས་ངོ་སྤྲོད་ཞིབ་ཚགས་གནང་བ་དང་། ཁོང་གིས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཕྱི་རྒྱལ་ནས་ཡོང་པའི་སློབ་མ་ཚོར་འདི་ལྟ་བའི་སྣེ་ལེན་གོ་སྒྲིག་ཚགས་ཚུད་གནང་བ་དེ་ཐོག་མ་ཆགས་ཡོད་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་འདོད་ཡོད་པ་དང་། གཉིས་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ངོས་ནས་སློབ་མ་ཚོ་ལ་གོ་སྐབས་འདི་ལྟ་བུ་ཞིག་བསྐྲུན་པ་དང་ཕ་མ་ཚོས་འགྲོ་སོང་ལ་མ་འཛེམ་པར་ཟབ་སྦྱོང་ལ་གཏོང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཅེས་གསུངས། སྤྱི་འཐུས་ལྷན་ཚོགས་ངོ་སྤྲོད་ཟིན་རྗེས་ཉིན་གུང་ཞལ་ལག་དེ་བཞིན་གངས་སྐྱིད་ལས་བྱེད་གསོལ་ཐབ་ནས་གོ་སྒྲིག་གནང་བ་དང་ཤེས་རིག་བཀའ་བློན་སྐུ་སྒེར་གྱིས་ཉིན་གུང་ཞལ་ལག་གི་འགྲོ་སོང་ཆ་ཚང་སྦྱིན་བདག་གནང་སོང་

ཉིན་གུང་རྒྱབ་ལས་རིམ་གསུམ་པ་དེ་དཔལ་ལྡན་རང་གཞུང་བཀའ་ཤག་ལས་ཁུངས་ངོ་སྤྲོད་དེ་བཞིན་ཤེས་རིག་བཀའ་བློན་ལྕམ་ཐར་ལམ་སྒྲོལ་མ་མཆོག་གིས་བཀའ་ཤག་གི་བྱུང་རིམ་ལོ་རྒྱུས་དང་ཁྱབ་ཁོངས་ལྷན་ཁང་ཁག་ངོ་སྤྲོད་ཞིབ་རྒྱས་གནང་བ་དང་། ལྷག་པར་དུ་ཐེངས་འདིར་ཤེས་རིག་ལས་ཁུངས་དང་འབྲེལ་བའི་ལྟ་སྐོར་ཟབ་སྦྱོང་ཐད་ལ་སློབ་མ་ཚོར་རོགས་རམ་ཅི་དགོས་གང་ཐུབ་སྒྲུབ་ངེས་ཅེས་གསུངས་བྱུང་།
མང་གཙོའི་ཀ་བ་གསུམ་ངོ་སྤྲོད་ཟིན་རྗེས་སློབ་མ་ཚོ་བོད་ཀྱི་འགྲེམས་སྟོན་ཁང་ལ་ལྟ་སྐོར་ཕྱིན་པ་དང་བོད་རྒྱལ་ཁབ་ཀྱི་ཆགས་འཇིག་ལོ་རྒྱུས་གསལ་བའི་པར་རིས་རེ་རེ་བཞིན་སློབ་མ་རྣམས་ལ་ངོ་སྤྲོད་ཞིབ་གསལ་གནང་། འགྲེམས་སྟོན་ཁང་ཚར་རྗེས་སློབ་མ་རྣམས་གནས་ཆུང་གྲྭ་ཚང་ལ་མཆོད་མཇལ་ཕྱིན་རྗེས་དེ་རིང་གི་ལས་རིམ་རེ་ཞིག་བདེ་ལེགས་ངང་མཇུག་རྫོགས

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།