བོད་ཤིང་འབྲུག་ལོ་བྱིས་པའི་ལོ་གསར་སྤྲོ་ཚོགས་དཔྱིད་ཀྱི་ཕོ་ཉ།

བོད་རབ་གནས་ཤིང་ཕོ་འབྲུག་གི་ལོའི་ལོ་གསར་ཚེ་གཅིག་གི་ཉིན་མོར་ཨོ་སུ་ཏན་ཏེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་དང་སྦུ་རོའུ་རྗེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་མཉམ་འབྲེལ་གྱིས་ལོ་གསར་རྟེན་འབྲེལ་སྤྲོ་ཚོགས་ཀྱི་མཛད་སྒོ་སྤེལ་ཡོད་པ་རེད།
མཛད་སྒོའི་སྐུ་མགྲོན་ལ་ཐེ་ཝན་སྐུ་ཚན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཕེབས་འདུག་པ་དང་། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སློབ་སྟོན་པ་དང་སྤྱི་ཁྱབ་འགན་འཛིན། ཤེས་ཡོན་འཛིན་སོགས་སློབ་གྲྭའི་འབྲེལ་ཡོད་དགེ་རྒན་དང་ཕ་མ་སློབ་ཕྲུག་བཅས་མཉམ་འཛོམས་བྱུང་འདུག
ལོ་གསར་རྟེན་འབྲེལ་ཀྱི་མཛད་སྒོ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ན་ཆུང་བྱིས་པ་ཚོར་བོད་ཀྱི་རིག་གནས་ངོ་སྤྲོད་དང་ཉམས་སུ་མྱོང་དུ་འཇུག་པའི་ཆེད་དུ་ཡིན་པས། མཛད་སྒོའི་ཐོག་གླུ་དང་བྲོ། ཤོམ་སྟོན་དང་སྙན་ངག་གྱེར་འདོན། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྒྲོག་འདོན་སོགས་ཀྱི་ལས་རིམ་ཚང་མ་སློབ་གྲྭའི་སློབ་མ་རྣམས་ཀྱིས་བྱེད་ཀྱི་ཡོད་པ་རེད།
སྤྱིར་བཏང་ལོ་གསར་ཚེ་གཅིག་ལ་ནང་མི་ལྷན་འཛོམས་དང་དགའ་ཉེ་སྤུན་གྲོགས་ལྷན་འཛོམས་བྱས་ནས། ཟས་ཞིམ་པོ་ལ་རོལ། གཏམ་སྐྱིད་པོ་བཤད། ཚང་མ་ལྷོད་ལྷོད་དུ་འདུག་རྒྱུའི་ཉིན་མོ་ཞིག་ཡིན་ནའང་། ཨོ་སུ་ཏན་ཏེ་དང་སྦུ་རོའུ་རྗེ་ས་གནས་འཇམ་དབྱངས་སློབ་གྲྭའི་དགེ་རྒན་དང་ལས་བྱེད། ཕ་མ་ཚང་མས་བོད་ཀྱི་ན་ཆུང་བྱིས་པ་ཚོའི་ཆེད་དུ། བོད་ཀྱི་རིག་གནས་རྒྱུད་འཛིན་གྱི་ཆེད་དུ། སོ་སོའི་ལོ་གསར་དགའ་སྟོན་ལ་རོལ་ནས་ལྷོད་པོར་འདུག་རྒྱུའི་དུས་ཚོད་བཞག་ནས། མཛད་སྒོའི་སྔ་གཞུག་ཀུན་ཏུ་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་བཏང་ནས། བྱིས་པའི་ལོ་གསར་རྟེན་འབྲེལ་སྤྲོ་ཚོགས་ཀྱི་མཛད་སྒོ་འདི་སྤེལ་བ་ནི། ཁོང་རྣམ་པས་བོད་ཀྱི་ན་ཆུང་བྱིས་པ་རྣམས་དང་བོད་ཀྱི་རིག་གནས་ལ་གལ་ཆེན་ཇི་ལྟར་འཛིན་གྱི་ཡོད་པ་དང་། མཐོང་ཆེན་ཇི་ལྟར་བྱེད་ཀྱི་ཡོད་པའི་བདེན་དཔང་ལྟ་བུ་ཞིག་རེད་ཟེར་ཆོག
སློབ་གྲྭའི་འབྲེལ་ཡོད་པ་དགེ་ལས་ཕ་མ་ཙམ་མ་ཡིན་པར། བོད་རིགས་སྤུན་གཞན་གྱིས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་འདུག་པ་དག་གི་ལྷག་བསམ་ལ་ཡང་ཡི་རིང་བྱེད་འོས་པ་ཞིག་རེད

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།