དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་གསུམ་པའི་གསལ་བསྒྲགས།

ད་ལོའི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་གསུམ་དེ། ཕྱི་ཟླ་༠༧ པའི་ཚེས་ ༡༧ ནས་ ༢༣ བར་ར་ཉག་དཔལ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས། འོག་མིན་ཆོས་ཀྱི་གྲོང་ཁྱེར་དུ་འཚོགས་གཏན་འཁེལ་བ་ཡིན།

སློབ་མ་བསྡུ་ཕྱོགས་ཀྱི་ཐད་ནས་ཚོགས་པའི་གྲོས་ཆོད་བཞིན་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣམས་དང་། བྷེལ་ཇམ་ནང་མ་ཡིན་པའི་རྒྱལ་ཁབ་ཁག་ནས་བོད་ཡིག་སློབ་གྲྭའི་གོ་སྐབས་མ་རག་པའི་བོད་ཀྱི་བྱིས་པ་དང་། གཞན་བོད་ཡིག་སློབ་གྲྭ་ཁག་ནས་གཏོང་མཁན་བྱུང་ན། བྱིས་པ་ལྔ་རེའི་ས་མིག་སྤྲོད་འཆར་ཡོད། སློབ་མའི་ཆ་རྐྱེན་ལ་ལོ་བདུན་ནས་བཅོ་བརྒྱད་བར་དང་། འབྲེལ་ཡོད་སྒྲིག་གཞི་ཁག་ལ་བརྩི་སྲུང་དང་ལེན་ཡོད་མཁན་ཡིན་དགོས། དབྱར་གསེང་ས་གནས་སུ་སྡོད་གནས་དང་ཟ་མ། སློབ་ཁྲིད་བཅས་ཀྱི་ཆ་རྐྱེན་ཧ་ཅང་བཟང་པོ་ཡོད་པས་མ་ཟད། དབྱར་གསེང་སྐབས་ཀྱི་ཉེན་སྐྱོབ་དང་བདེ་འཇགས་ཀྱི་ཐད་ལ་ཡང་ཆ་རྐྱེན་ཡག་པོ་བསྐྲུན་ཡོད། དེར་བརྟེན་བྷེལ་ཇམ་ཕྱི་ལོག་གི་སློབ་གྲྭ་དང་ཕ་མ་སུ་ཞིག་གིས་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ལ་གཏོང་འདོད་ཡོད་ན་འོག་གི་འབྲེལ་གཏུག་ཨང་གྲངས་ཐོག་འབྲེལ་བ་བྱས་ནས་རྒྱུས་ལོན་དང་ཐོ་འགོད་བྱེད་ཆོག འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣམས་ལ་ས་གནས་སོ་སོའི་ས་གནས་འགན་འཛིན་བརྒྱུད་ཐོ་འགོད་བྱ་རྒྱུ་ཡིན་པ་བཅས་དགོངས་འཇགས་ཞུ། །

འབྲེལ་གཏུག་བྱ་ཡུལ།

སྤྱི་ཁྱབ་འགན་འཛིན། འཇིགས་མེད། 0487 85 748 0
ཤེས་ཡོན་འགན་འཛིན། བཀྲ་ཤིས་བདེ་ལེགས། 0466 28 11 00
ས་གནས་འགན་འཛིན། གསུང་རབ། 0487 42 71 72


དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་།

དབྱར་གསེང་། དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ནི་ཡོ་རོབ་ཁུལ་དུ་བོད་ཡིག་སློབ་གྲྭའི་གོ་སྐབས་མ་རག་པའི་བོད་ཀྱི་བྱིས་པ་དང་། འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣམས་ལ་བོད་ཀྱི་རིག་གནས་ཟབ་སྦྱོང་སྤྲོད་པའི་ལས་རིམ་ཞིག་ཡིན།
དམིགས་ཡུལ་ནི། ཁ་འཐོར་དུ་ཡོད་པའི་བོད་རིགས་ན་གཞོན་བྱིས་པ་དེ་རྣམས་མཉམ་འཛོམས་དང་ངོ་ཤེས། མཐུན་འབྲེལ་ཡོངས་ཐབས་དང་། བོད་ཀྱི་ཆོས་དང་རིག་གནས་ཀྱི་བག་ཆག་ཟབ་མོ་ཞིག་འཇོག་ཐབས་ཡིན་པས། དབྱར་གསེང་གི་སྐབས་སློབ་ཚན་གཙོ་བོ་བོད་ཀྱི་རིག་གནས། འཕྲོད་བསྟེན། ཀུན་སྤྱོད་སློབ་གསོ་སོགས་རིག་རྩལ་ བྱེད་སྒོ་མང་དག་ཅིག་བཀོད་སྒྲིག་བྱེད་ཀྱི་ཡོད།
དབྱར་གསེང་གི་བྱུང་རབས། དབྱར་གསེང་འདི་ནི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་༢༠༡༠ ལོ་ནས་འགོ་འཛུགས་ཞུས་ནས་ད་བར་མི་ལོ་༡༤ཕྱིན་ཡོད།
གྲུབ་འབྲས། འདས་པའི་ལོ་༡༣ ཡི་རིང་ལ་དབྱར་གསེང་ལ་མཉམ་ཞུགས་བྱུང་བའི་ན་གཞོན་རྣམས་ལ་སློབ་གསོ་དང་། སྤྱི་ཚོགས་མཉམ་ཞུགས། རིག་གནས་གོ་རྟོགས་སོགས་ཕྱོགས་མང་པོ་ནས་ཕན་ཐོག་བླ་མེད་ཐོབ་པར་མང་ཚོགས་དང་འབྲེལ་ཡོད་ཕ་མ་རྣམས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད།
རེ་སྐུལ། དེ་ན་ཁྱེད་ཀྱི་བུ་ཕྲུག་ལ་ཡང་གོ་སྐབས་དེ་ཐོབ་ཀྱི་ཡོད་པས་ཅེས་ཀྱང་སོ་སོའི་བུ་ཕྲུག་ལ་མི་རིགས་ཀྱི་དགོས་ངེས་སློབ་གསོའི་གོ་སྐབས་དེ་ལེན་རྒྱུ་མ་བརྗེད་པ་གནང་རོགས།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་༢༢ ཉིན་སྤེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།