03-04-2021 ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་ཐེངས་བདུན་པ་། ༼ཕ་སྐད་ཀྱི་བདག་པོ༽

ཕྱི་ཟླ་ ༠༤ པའི་ཚེ་༠༣ ཉིན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་ཐེངས་བདུན་པ་༼ཕ་སྐད་ཀྱི་བདག་པོ།༽བསྡུས་ཡོད་པ་རེད། དགོང་ཚོགས་དེའི་གཙོ་སྐྱོང་བ་དང་འཁྲབ་སྟོན་པ་ཚང་མ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣམས་ཡིན་པ་དང་། དགོང་ཚོགས་དེར་ལོ་ན་༤ ནས་༡༨ བར་གྱི་སློབ་མ་༣༠༠ ལྷག་གིས་དངོས་སུ་ཆ་ཤས་བླངས་ནས་བོད་ཀྱི་གླུ་བླངས་པ་དང་། བྲོ་འཁྲབ་པ། སྙན་ངག་གྱེར་བ། ༸གོང་ས་མཆོག་གི་བཀའ་སློབ་ཀློག་པ་སོགས་བོད་ཀྱི་སྐད་ཡིག་དང་རིག་གནས་ཁོ་ནའི་བྱ་འགུལ་རང་བཞིན་གྱི་དགོངས་ཚོགས་ཤིག་འཚོགས་ཡོད་པ་རེད།


དགོང་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོ་བྷུ་རུ་སལ་སྐུ་ཚབ་དོན་གཅོད་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོས་པའི། ས་གནས་ཀྱི་བོད་རིགས་ཚོགས་པ་སོགས་བོད་མིའི་ཚོགས་པ་སྡེ་ཚན་ཁག་དང་། བོད་མིར་རྒྱབ་སྐྱོར་བྱེད་མཁན་གྱི་བྷེལ་ཇམ་པ། ཚོགས་པའི་འབྲེལ་ཡོད་ཕ་མ་སོགས་མི་གྲངས་༦༠༠ ལྷག་འདུ་འཛོམས་བྱུང་འདུག །


འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ཀྱིས་མཛད་སྒོའི་གཏམ་བཤད་སྐབས། ན་ཆུང་བྱིས་པའི་རིག་རྩལ་དགོང་ཚོགས་དེ་སྤྱིར་བཏང་ལོ་ལྟར་༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བཞེས་བསྐྱང་བའི་དུས་དྲན་བསྲུང་བརྩིའི་ཆེད་འཚོགས་བཞིན་ཡོད་ན་ཡང་། ༢༠༢༡ ལོར་ནད་ཡམས་ཀྱི་རྐྱེན་པས་མཛད་སྒོ་དེ་དེ་རིང་བར་ཕྱིར་འགྱང་བྱ་དགོས་བྱུང་བ་དང་། ནད་ཡམས་ཀྱི་སྐབས་སུ་གནས་ཡུལ་རྒྱལ་ཁབ་ཀྱི་སྒོ་རྒྱག་བཀག་རྒྱ་བསྡམས་ནས་སློབ་གྲྭ་ཡོངས་རྫོགས་སྒོ་བརྒྱབ་པར་བརྟེན། འཇམ་དབྱངས་བློ་འཕེལ་སློབ་གྲྭར་འཛིན་ཁང་མ་རག་པ་དང་། འདུ་འཛོམས་མ་ཆོག་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་ན་ཡང་། ང་ཚོའི་དགེ་རྒན་ཕ་མ་རྣམས་ཀྱིས་སྐུ་ལས་སྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་དྲྭ་བའི་ལག་རྩལ་སྤྱད་ནས་བོད་ཡིག་འཛིན་གྲྭ་མ་ཆད་པ་བྱེད་ཐུབ་ཡོད་པ་རེད་ཅེས་གསུངས་སོང་།
སྐུ་མགྲོན་གཙོ་བོ་དོན་གཅོད་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གནས་མི་ཉམས་རྒྱུད་འཛིན་བྱེད་པ་ལས་ལྷག་ཅིག བོད་ཀྱི་ཀུན་སྤྱོད་བཟང་པོ་ཡ་རབས་དང་བྱམས་སྙིང་རྗེ་སོགས་མ་ཉམས་པར་རྒྱུན་འཁྱོང་ཡོངས་དགོས་པའི་འབོད་སྐུལ་གནང་སོང་བ་དང་། ཚོགས་པའི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་ཀྱང་གནང་སོང་།


རིག་རྩལ་དགོངས་ཚོགས་དེར་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འཛིན་རིམ་བརྒྱད་པ་ཐོན་པའི་སློབ་མ་༡༦ ལ་སློབ་ཐོན་གཟེངས་བསྟོད་ལག་ཁྱེར་ཕུལ་སོང་། འཇམ་དབྱངས་བློ་ཕེལ་སློབ་གྲྭར་འཛིན་རིམ་བརྒྱད་པ་ཐོན་དུས་མཐར་ཕྱིན་སློབ་མར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མཐར་ཕྱིན་སློབ་མ་རྣམས་ལ་དགེ་རྒན་ཟབ་སྦྱོང་སྤྲད་རྗེས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་ཁྲིད་དགེ་རྒན་གྱི་ལས་ཀ་བྱེད་ཀྱི་ཡོད་པ་རེད་འདུག

རྩོམ་སྒྲིག་སྡེ་ཚན་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།