བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཕྱི་ལོ་ 2022 ལོའི་འགན་འཛིན་ལྷན་ཚོགས་
ས་གནས་ཨོ་སུ་ཏན་ཏེ་འཇམ་དབྱངས་བློ་འཕེལ་སློབ་གྲྭར་ཚོགས།
ཕྱི་ལོ་༢༠༢༢ ཟླ་ ༦ པའི་ཚེས་ ༡༢ སྟེ་གཟའ་ཉི་མའི་ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་བདུན་པ་དེ་མཚོ་ཁའི་གྲོང་ཁྱེར་ཨོ་སུ་ཏན་ཏེ་རུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་ བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་གཙོ་གཞོན་དང་སློབ་སྟོན་པ་གཉིས་གཙོས་ས་གནས་ཁག་དྲུག་ཏུ་ཡོད་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འགན་འཛིན་དང་དགེ་རྒན་གྱི་སྐུ་ཚབ། ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་གཞིནརྣམ་པ་བཅས་མི་སྣ་༣༧ དངོས་སུ་ཚོགས་བཅར་གནང་ཡོད་ལ། ཚོགས་ཐོག་ཏུ་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་བྱུང་རིམ་དང་ལས་དོན་ངོ་སྤྲོད་གནང་བ་དང་། སྤྱི་ཁྱབ་འགན་འཛིན་གཞོན་པ་རྡོ་རྗེ་སྐྱབས་ལགས་ཀྱིས་ཚོགས་འདུའི་མཛད་རིམ་ཁག་ངོ་སྤྲོད་དང་གཙོ་སྐྱོང་གནང་བ། དཔལ་འབྱོར་འགན་འཛིན་སྐལ་བཟང་ལགས་ནས་ཚོགས་པའི་དཔལ་འབྱོར་གནས་བབས་སྐོར་ངོ་སྤྲོད་གནང་བ། སློབ་སྟོན་པ་བློ་བཟང་དབང་འདུས་དང་རྒན་ལྷག་པ་ཚེ་རིང་གཉིས་ཀྱིས་ཚོགས་པའི་ལས་དོན་དང་འབྲེལ་བའི་གསུང་བཤད་ཟབ་མོ་གནང་བ། དེའི་རྗེས་ས་གནས་ཁག་དྲུག་གི་འགན་འཛིན་གྱིས་ལོ་གཅིག་གི་ལས་བསྡོམས་སྙན་གསེང་ཞུས་བ། དགེ་རྒན་གྱི་སྐུ་ཚབ་རྣམ་པས་ས་གནས་སོ་སོའི་དགེ་རྒན་རྣམ་པའི་དགོངས་ཚུལ་སྙན་གསེང་ཞུས་བ། ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་གཞིན་རྣམ་པས་ས་གནས་སོ་སོའི་ཕ་མ་ཚོའི་དགོངས་ཚུལ་ཅི་ཡོད་སྙན་གསེང་ཞུས། ཉིན་གུང་གསོལ་ཚིག་རྗེས་ཚོགས་བཅར་བ་ཡོངས་ནས་ཚོགས་པའི་སྒྲིག་གཞི་ཁག་ཅིག་བསྐྱར་བཅོས་གཏན་འབེབས་གནང་བ་དང་། དེ་སྔའི་པར་ལས་སྡེ་ཚན་དེ་རྩོམ་སྒྲིག་སྡེ་ཚན་ཁོངས་སུ་ཟླ་སྒྲིལ་དང་རྩོམ་སྒྲིག་སྡེ་ཚན་གྱི་ཚོགས་མི་ཇེ་མང་དུ་གཏོང་དགོས་བའི་ཐག་གཅོད་བྱུང་བ། ལོ་རྗེས་མ་ནས་བཟུང་འཛིན་རིམ་བརྒྱད་པ་ཐོན་པའི་སློབ་མ་རྣམས་རྒྱ་གར་དུ་ཟབ་སྦྱོང་ལ་འཁྲིད་དགོས་བའི་ལས་འཆར་སྟ་གོན་གནང་རྒྱུ། དེ་སྔ་དགེ་རྒན་ལྷན་ཚོགས་ཤིག་འཚོག་སྲོལ་ཡོད་པ་མུ་མཐུད་འཚོག་དགོས་བ་དང་དགེ་རྒན་རྣམ་པར་མུ་མཐུད་ཟབ་སྦྱོང་སྤྲོད་དགོས་རྒྱུ། ཚོགས་པའི་དངུལ་བསྡུ་རུབ་དང་སློབ་ཡོན་སོགས་དངུལ་ཁང་བརྒྱུད་གཏོང་ལེན་ཉར་གསུམ་གྱི་ཐབས་ལམ་འཚོལ་རྒྱུ་བཅས་ལས་དོན་ཁག་ཅིག་ཐག་གཅོད་གྲོས་ཆོད་གཏན་བེབས་གནང་ཟིན་རྗེས་ཚོགས་བཅར་བ་ཡོངས་ཀྱིས་མཉམ་འཛོམས་རྗེས་དྲན་གྱི་སྐུ་པར་བསྒྲོན་ཏེ་ཚོགས་འདུ་བདེ་བླགས་ངང་གྲོལ་བའོ།









