༧གོང་ས་མཆོག་དགུང་གྲངས་གྱ་བདུན་བཞེས་བའི་སྐུའི་འཁྲུངས་སྐར་དང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་གོ་སྒྲིག་འོག་༧གོང་ས་མཆོག་དགུང་གྲངས་གྱ་བདུན་བཞེས་བའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་དབུ་བརྙེས་ཏེ་ལོ་ངོ་བཅུ་བཞི་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་འདུག

ཕྱི་ཟླ་༧ པའི་ཚེས་༢༥ ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་གོ་སྒྲིག་འོག་༧གོང་ས་མཆོག་དགུང་གྲངས་གྱ་བདུན་བཞེས་བའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་དབུ་བརྙེས་ཏེ་ལོ་ངོ་བཅུ་བཞི་འཁོར་བའི་དུས་དྲན་མཛད་སྒོ་༼གངས་རིའི་ཕུགས་བསམ།༽ཞེས་བ་དེ་རྡོ་རྗེ་ཕ་ལམ་གྱི་གྲོང་ཁྱེར་དུ་གྲགས་པའི་ཨན་ཐྲུ་ཝེར་པན་ནས་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་དམིགས་བསལ་སྐུ་མགྲོན་རང་གཞུང་སྐུ་ཚབ་དོན་གཅོད་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་གཙོས་བྷེལ་ཇམ་བོད་རིགས་ཚོགས་སྡེ་ཁག་གི་ཚོགས་གཙོ་གཞོན་རྣམས་ཕེབས་ཡོད་པ་དང་། བྷེལ་ཇམ་ས་གནས་ཁག་དྲུག་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་སློབ་དང་ཕ་མ་བཅས་ཁྱོན་མི་བདུན་རྒྱ་ཙམ་མཛད་སྒོར་མཉམ་ཞུགས་གནང་འདུག་ལ། བྷེལ་ཇམ་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་མཛད་སྒོ་དབུ་འཛུགས་ཀྱི་གསུང་བཤད་སྐབས་བརྗོད་དོན། ༢༠༠༨ ལོ་བོད་ནང་ས་བྱིའི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་སུ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་ཀྱི་སྐད་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་མི་ཉམས་བརྒྱུད་འཛིན་ཆེད་ཆོས་རིག་འཛིན་སྐྱོང་ཁང་འདི་བཙུགས་པ་དང་། ད་ལྟའི་བར་དུ་སློབ་ཕྲུག་༤༠༠་ལྷག་བོད་ཡིག་སློབ་གྲྭར་འཛུལ་ཞུགས་བྱས་ཡོད་ཚུལ་སོགས་ངོ་སྤྲོད་གནང་བ་དང་། མ་འོངས་བར་ཕ་མ་ཚོས་སོ་སོའི་ཕྲུ་གུ་བོད་རིགས་ཚོགས་པའི་ཤེས་རབ་སྣང་བྱེད་སློབ་གྲྭ་ལའང་བསྐྱལ་ཐུབ་ཚེ་དགེ་མཚན་ཆེ་བའི་འབོད་སྐུལ་ཡང་གནང་སོང་།སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་ལམ་སྟོན་གསུང་བཤད་གནང་དོན། ང་ཚོ་བཙན་བྱོལ་བ་ཚོ་གཞིས་ལུས་རྒྱ་ཆེ་མི་མང་གི་སྐུ་ཚབ་དང་གསུང་ཚབ་ཡིན་པ་དང་། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུ་ལྷག་འདས་བར་ཕྱིར་མིག་ཅིག་བལྟས་ཚེ་༧གོང་ས་མཆོག་གིས་གསུང་བ་བཞིན་རྒྱ་མི་ཚོས་ཟ་ཁང་འཛམ་གླིང་ལ་ཁྱབ་ཡོད་ནའང་ང་ཚོས་བོད་ཀྱི་ཆོས་དེ་འཛམ་གླིང་སྟེང་ས་ཁྱབ་རྡོ་ཁྱབ་ལྟ་བུ་སྤེལ་ཐུབ་ཡོད་ལ། ང་ཚོ་ལ་ཨ་རབ་རྒྱལ་ཁབ་ནང་བཞིན་རྡོ་སྣུམ་གྱི་ཐོན་ཁུངས་མེད་ནའང་ང་ཚོའི་ཡ་རབས་བཟང་སྤྱོད་ལ་བརྟེན་ནས་འཛམ་གླིང་གིས་ཆེ་མཐོང་གནང་གི་ཡོད་ལ། དེའི་ཕྱིར་ཡ་རབས་བཟང་སྤྱོད་ནི་ང་ཚོའི་མ་རྩ་ཡིན་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པའི་ཤེས་ཡོན་ཅན་དང་སྒྱུ་རྩལ་བ་ཚོས་རང་གི་ཤེས་བྱ་དང་ཉམས་མྱོང་དེ་བོད་པའི་གཟའ་མཇུག་སློབ་གྲྭ་ཁག་ལ་བེད་སྤྱོད་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད་ལ། དེ་ལྟར་མ་གནང་ཚེ་བོད་པའི་ཁ་དཔེར་བློ་གྲོས་ཁོག་པའི་ནང་དུ་རྒས། ཤིང་བཟང་པགས་པའི་འོག་ཏུ་རུལ་ལྟ་བུ་ཆགས་ཉེན་ཡོད་པ་རེད་ཅེས་གསུངས་བ་དང་། ཡང་ཁོང་གིས་མུ་མཐུད་དྲན་བསྐུལ་ཆེད་༧གོང་ས་མཆོག་གི་བཀའ་སློབ་དོན་ཚན་གསུམ་ཅན་སྟེ། བོད་མི་ཚོ། རང་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་དུ་བཞག་ནས་བོད་མི་ནང་ཁུལ་ཚིག་སྐམ་སྟོང་བཤད་ཀྱིས་འཐེན་འཁྱེར་བྱེད་པ་དང་གཅིག རང་རིགས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་འཁུར་བོར་ཏེ་རང་ཉིད་གཅིག་པུ་རང་མགོ་གང་ཐོན་བྱེད་པ་དང་གཉིས། ད་ལྟ་བོད་མི་རིགས་སྤྱིའི་བདེ་སྡུག་གནས་སྟངས་ཛ་དྲག་གང་འདྲ་ཞིག་ཐོག་གནས་ཡོད་པ་ངོས་མ་ཟིན་པར། འབྱོར་ལྡན་རང་དབང་ཅན་གཞན་དག་ལ་དཔར་བཀབ་རྒྱས་སྤྲོས་སྐྱིད་འདོད་བྱེད་པ་དང་གསུམ་ནི་ཤིན་ཏུ་འཁྲུལ་ཚབས་ཆེ་བས་མནོ་སེམས་ནན་ཏན་གཏོང་དགོས་ཅེས་བའི་བཀའ་སློབ་སྒྲོག་སྦྱངས་གནང་བ་དང་། གཞན་ཡང་། ཁོང་གིས་ཨ་རིའི་སྲིད་འཛིན་སོ་ལྔ་བ་ཇོན་ཀེན་ནུས་ཌེས་ཀྱི་གསུང་བཤད་གྲགས་ཅན་རྒྱལ་ཁབ་ཀྱིས་ཁྱེད་ལ་ཅི་ཞིག་བསྒྲུབ་ཐུབ་ཀྱི་ཡོད་པ་སྐད་ཆ་མི་འདྲི་བར་ཁྱེད་ཀྱིས་ཕར་རྒྱལ་ཁབ་ལ་ཞབས་ཞུ་ག་རེ་སྒྲུབ་ཐུབ་པ་སྐད་ཆ་འདྲི་དགོས་ཟེར་བའི་གསུང་བཤད་ལུང་འདྲེན་གནང་སྟེ་བོད་མི་ཚོས་སྒྲིག་འཛུགས་ལ་ཞབས་ཞུ་གནང་དགོས་བ་གལ་ཆེ་ཡིན་སྐོར་བརྗོད་པ་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་བོད་མིའི་དང་བླངས་ལས་འགུལ་ནང་མཉམ་ཞུགས་གནང་དགོས་བ་དང་། ཕྱི་ཟླ་༧ པའི་མཇུག་ལ་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་ཞིག་སྤེལ་འཆར་ཡིན་པ་ཚང་མས་ཆ་ཤས་ལེན་དགོས་བའི་འབོད་སྐུལ་གནང་སོང་ལ། ༢༠༢༣་ལོ་ནུབ་ཕྱོགས་གཟའ་མཇུག་སློབ་གྲྭ་ཁག་གི་ནང་ཞབས་ལོ་གསུམ་ཕྱིན་པའི་དགེ་རྒན་རྣམས་དང་སློབ་མ་རྩེ་ཕུད་གསུམ་ལ་ཤེས་རིག་ལས་ཁུངས་ནས་གཟེངས་རྟགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་། དེའི་རྗེས་དམིགས་བསལ་སྐུ་མགྲོན་ལགས་ནས་ས་གནས་ཁག་དྲུག་གི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་འཁོར་ཡིག་རྒྱུགས་ཁྲོད་ཨང་རིམ་རྩེར་སོན་གྱི་སློབ་མ་རྣམས་ལ་བྱ་དགའ་བསྩལ་བ་དང་། མཐར་ཕྱིན་སློབ་མར་ཕ་སྐད་ཀྱི་བདག་པོ་ཞེས་བའི་གཟེངས་རྟགས་དང་རིག་ལམ་མཐར་ཕྱིན་སློབ་མར་རིག་བདག་གི་གཟེངས་རྟགས་བཅས་བསྩལ་གནང་སོང་། གསུང་བཤད་དང་གཟེངས་རྟགས་གནང་བའི་མཛད་རིམ་ཁག་གྲུབ་རྗེས། ས་གནས་ཁག་དྲུག་གི་སློབ་མ་ཚོས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་དང་མཉམ་གཞས། རིག་ལམ་རྩོད་པ། ཤོམ་སྟོན་བཅས་འཁྲབ་སྟོན་སྣ་མང་གཟིགས་འབུལ་ཞུས་ཏེ་མཛད་སྒོ་བདེ་ལེགས་ངང་མཇུག་སྒྲིལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།