དེ་རིང་ཕྱི་ཟླ་ ༠༥ པའི་ཚེས་༨ ཉིན་བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ་འཚོགས་སོང་། ཚོགས་འདུའི་ཐོག་ས་གནས་ཕ་མའི་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་བྱས་སོང་། བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭར་འབྲེལ་ཡོད་ཁྱིམ་ཚང་༨༠ ཡོད་པ་དང་། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སྒྲིག་གཞི་ལྟར་ལོ་རེ་བཞིན་ཕ་མའི་ཚོགས་གཙོ་དང་ཚོགས་གཞོན་གསར་པ་བདམ་གྱི་ཡོད་པ་དང་། ས་གནས་ཕ་མའི་ཚོགས་གཙོ་དང་ཚོགས་གཞོན་གྱིས་ལོ་གཅིག་རེ་ལ་འགན་ཁུར་དགོས་ཀྱི་ཡོད་པ་རེད།
གཞན་ཡང་ཚོགས་འདུའི་ཐོག་༢༠༢༣ ལོའི་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་གང་འདྲ་འཚོགས་ཀྱི་ཡོད་མེད་སྐོར་གསལ་བཤད་དང་བགྲོ་གླེང་བྱས་སོང་། དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ནི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གལ་ཆེའི་རིག་གནས་བྱ་འགུལ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༠ ལོ་ནས་ལོ་ལྟར་འཚོགས་ཀྱི་ཡོད་པ་རེད། དབྱར་གསེང་སྐབས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་༡༠༠ ལྷག་རེ་དང་རྒྱལ་ཁབ་གཞན་ནས་རྒྱུན་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་སྦྱོང་གི་གོ་སྐབས་མ་ལོན་པའི་བྱིས་པ་མཉམ་ཞུགས་བྱ་མཁན་ཡོད་ན་མཉམ་ཞུགས་བྱེད་ཆོག་གི་ཡོད་པ་རེད།
ད་དུང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་སྤྱི་ཡོངས་ཀྱི་གནས་བབ་སྐོར་དང་ས་གནས་ཀྱི་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་ལ། སློབ་གྲྭའི་དགེ་རྒན་རྣམ་པ་དང་ཕ་མ་རྣམས་ཀྱིས་བསམ་ཚུལ་བསྡུ་ལེན་དང་བགྲོ་གླེང་བྱས་ཡོད་པ་རེད།
སྤྱིར་བཏང་བྷེལ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ལ་བྷེལ་ཇམ་ནང་བོད་མི་འདུས་སྡོད་མང་སའི་གྲོང་ཁྱེར་དྲུག་གི་ནང་ལ། ས་གནས་སློབ་གྲྭ་དྲུག་ཡོད་པ་རེད། ལོ་རེ་རེའི་ནང་ལ་ས་གནས་ཀྱི་སློབ་གྲྭའི་འབྲེལ་ཡོད་ཕ་མའི་ཚོགས་འདུ་རེ་འཚོགས་ཀྱི་ཡོད་པ་རེད



