བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ས་གནས་ཁག་དྲུག་ལ་སློབ་འགོ་གསར་བར་ཕ་མའི་ཚོགས་འདུ་ཚོགས་དགོས་པ་གཞིར་བཟུང་དེ་རིང་ཕྱི་ལོ ༢༠༢༦ ཟླ་བ ༡༡ ཚེས་པ ༢༢ རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད ༡༠ ནས་ ༡༤ བར་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སློབ་སྟོན་པ་རྒན་ལྷག་པ་ཚེ་རིང་ལགས་དང་། ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་རྣམ་གཉིས་དབུ་བཞུགས་ཐོག་སྦུ་རོའུ་རྗེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ་འཚོག ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ལགས་ཀྱིས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་བྱུང་རབས་དང་། ལྷག་པར་དུ་ང་ཚོའི་སློབ་གྲྭར་ ༸གོང་ས་མཆོག་གིས་བཀའ་ཡིག་ལམ་སྟོན་གང་ཕེབས་ཡོད་པ་གསལ་བཤད་གནང་སོང་། སློབ་སྟོན་པ་རྒན་ལྷག་པ་ཚེ་རིང་ལགས་ཀྱིས་ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་བཀའ་མོལ་གནང་། དེ་ནས་ས་གནས་འགན་འཛིན་ལགས་ཀྱིས་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་གི་གོ་སྒྲིག་སྐོར་དང་། འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་དགོངས་དོན་བཞིན་ལོ་ཕྱེད་ཡིག་རྒྱུགས་ཚར་བ་དང་ཕ་མ་རེ་རེ་བཞིན་དགེ་རྒན་ཐུག་འཕྲད་ཀྱིས་སློབ་མའི་གནས་སྟངས་རྒྱུས་བྱེད་ཐབས། ས་གནས་ཁག་དྲུག་ལ་ཤེས་ཡོན་ཚོགས་ཆུང་སྐོར་བསྐྱོད་དང་དེ་བཞིན་རྒྱུན་ལས་སྐོར་བསྐྱོད་དགོས་པའི་རྒྱུ་མཚན། ས་གནས་ལ་དགེ་རྒན་འཐུས་མི་རྒན་འོད་སྐྱིད་མ་བསྐོས་བཞག་ཐོག་འཛིན་གྲྭ་སོ་སོའི་གནས་སྟངས་རྒྱུས་ལོན་ཀྱི་བསམ་ཚུལ་སྤུངས་དགོས་ཚུལ། སྤྱིར་སློབ་མའི་བདེ་འཇགས་ལ་ལྟ་རྟོག་དོ་ནན་དང་ལྷག་པར་དུ་བར་གསེང་སྐབས་ངེས་པར་དུ་འགན་ཁུར་ཐུབ་དགོས་ཚུལ་གསལ་བཤད་གནང་སོང་།
༼ཚོགས་འདུའི་ཐོག་བརྗོད་གཞིའི་གཙོ་བོ་ནི།༽ སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་དང་ཚགས་ཚུད་ཡོང་ཐབས་སྐོར། ཀློག་སྒྲུང་ཡར་རྒྱས་གཏོང་ཕྱོགས། ཚགས་པར། ཚོད་ལྟའི་ཡིག་རྒྱུགས། འདོན་ཆའི་སྐོར། དགེ་རྒན་རྣམ་པས་སློབ་ཁྲིད་གནང་སྟངས་སྐོར་དགོངས་ཚུལ་ཡོད་མེད། མཐར་ཕྱིན་སློབ་མ་རྣམས་ནུས་ལྡན་སྐྱེད་སྲིང་དང་མི་རབས་གསར་པའི་འགན་ཁུར་ཐུབ་ཆེད་ཀྱི་བསམ་ཚུལ། བོད་ཀྱི་རིག་གཞུང་ངོ་སྤྲོད་དང་འཛིན་སྐྱོང་གི་འགྲོ་གྲོན་སླད་བོད་ཀྱི་ལོ་གསར་དགོང་ཚོགས་སམ་ཐབས་ལམ་གཞན། དམིགས་བསལ་བསམ་ཚུལ་བསྡུ་ལེན་བཅས་ལ་གྲོས་བསྡུར་བྱས་མཐར་ཕ་མའི་ཚོགས་གཙོ་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། མཇུག་མཐར་བཅར་འདྲིའི་ལེ་ཚན་བཅས་མཇུག་སྒྲིལ། ཚོགས་འདུར་ཕེབས་མཁན་ཡོངས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།
བརྙན་དང་པར་ལེན་པ། ས་གནས་གསར་འགོད་པ་སློབ་མ་ཚེ་དབང་ལྷ་མོ་དང་སློབ་མ་གངས་རི་རིགས་ལྡན་གཉིས་ཀྱིས། ཕྱི་ལོ ༢༠༢༦།༡༡།༢༢།ལ།




