རང་ཉིད་ཀྱི་མི་ཚེའི་ནང་བྱེད་རྒྱུ་དགའ་བ།

སྤྱིར་ང་རང་ཉིད་ཀྱི་མི་ཚེའི་ནང་བྱེད་རྒྱུ་དགའ་བ་ཧ་ཅང་མང་། གང་ཡིན་ཟེར་ན་ང་ནི་མི་ཚེའི་ནང་འདྲ་མིན་སྣ་ཚོགས་བྱེད་རྒྱུ་ལ་དགའ་མཁན་ཞིག་ཡིན།   ཡིན་ནའང་དགའ་ཤོས་དེ་གཞས་འཁྲབ་རྒྱུ་ཡིན།  ངས་ཞབས་བྲོ་ཕལ་ཆེར་ང་རང་ལོ་བདུན་བརྒྱད་ཙམ་ནས་འཁྲབ་རྒྱུ་འགོ་བཙུགས་པ་ཡིན།  དེ་དུས་ང་ད་དུང་བོད་ལ་ཡོད་པ་དང་སློབ་གྲྭའི་ནང་དགེ་རྒན་གྱིས་ང་ཚོར་གཞས་འཁྲབ་སྟངས་སློབ་ཀྱིན་ཡོད།  རྗེས་སུ་ང་རྒྱ་གར་ལ་སླེབས་ནས་སློབ་གྲྭས་བོད་གཞས་མང་པོ་བསླབས་པ་དང་། ང་ཚོས་སྡིངས་ཆའི་སྒང་ནས་གཞས་མང་པོ་འཁྲབ་དགོས་བྱུང་། རྗེས་སུ་ང་བྷེལ་ཇམ་ལ་སླེབས་ནས་གཟའ་སྤེན་པའི་བོད་པའི་སློབ་གྲྭ་ལ་ཕྱིན་ཙང་བོད་གཞས་འཁྲབ་རྒྱུའི་གོ་སྐབས་རག་པས་ཧ་ཅང་དགའ་བོ་བྱུང། བོད་གཞས་གཅིག་པུ་མིན་པར་ང་ཨིན་ཇིའི་གཞས་འཁྲབ་རྒྱུ་ལ་ཡང་དགའ།  ཨིན་ཇིའི་ཞབས་བྲོ་ནི་དང་པོ་ང་རང་སོ་སོས་བརྙན་འཕྲིན་ལ་བལྟས་ནས་སྦྱངས་པ་དང་།   རྗེས་སུ་ང་གཟའ་ལྷག་པ་རྟག་པར་ཞབས་བྲོའི་སློབ་གྲྭ་ལ་སོང་ནས་ཆུ་ཚོད་གཉིས་ཀྱི་རིང་ལ་ཞབས་བྲོ་སྦྱངས་ནས་གཞས་འཁྲབ་སྟངས་མང་པོ་ཤེས་སོང་། ང་གཞས་འཁྲབ་རྒྱུར་དགའ་བའི་རྒྱུ་མཚན་ནི། ངས་གཞས་འཁྲབ་སྐབས་སེམས་ནང་གི་དཀའ་ངལ་ཚང་མ་བརྗེད་པ་དང་ཧ་ཅང་སྐྱིད་པོ་ཡོང་གི་འདུག དེང་དུས་ཀྱི་སྤྱི་ཚོགས་ནང་མི་མང་ཆེ་བ་རྒྱུ་ནོར་ལ་དོ་སྣང་གཅིག་པུ་སྤྲོད་པ་དང་། རྒྱུ་ནོར་གྱི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་པ་མ་ཟད་སོ་སོའི་དགའ་བའི་བྱ་བ་མི་བྱེད།  དེ་ནི་ཧ་ཅང་ཐབས་སྐྱོ་བོ་རེད། ཁྱེད་རང་མི་ཚེའི་ལ་སྐྱིད་པོ་ཞིག་འབྱུང་དགོས་བསམ་ན། ཁྱེད་རང་སོ་སོའི་དགའ་བའི་བྱ་བ་དེ་བྱེད་རྒྱུ་དང་མི་གཞན་ལ་ཕན་པའི་བྱ་བ་བྱེད་རྒྱུ་ཧ་ཅང་གལ་ཆེ། དེ་འདྲ་སོང་ཙང་ངས་ཞབས་བྲོ་མུ་མཐུད་ནས་འཁྲབ་ཐུབ་པའི་རེ་བ་ཡོད།              

དབྱངས་ཅན་མཚོ་མོ། ཨན་ཐྲུ་ཝེར་པེན། འཛིན་གྲྭ་བདུན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།